ཨོ་སི་ཀྲོ་ལི་ཡས་རྒྱ་ནག་ནས་དགོངས་སེལ་ཞུ་དགོས་སྐོར་བརྗོད་འདུག
རྒྱ་ནག་གཞུང་གི་གནད་ཡོད་མི་སྣ་ཞིག་གིས་སྤྱི་ཚོགས་དྲ་ལམ་ཐོག་ཏུ། ཨོ་སི་ཀྲོ་ལི་ཡའི་དམག་གི་བྱ་སྤྱོད་ངན་པ་དང་འབྲེལ་བའི་པར་ཞིག་བཀོད་པར། ཨོ་སི་ཀྲོ་ལི་ཡ་གཞུང་གིས་པར་དེ་རྫུན་མ་ཡིན་སྐོར་བརྗོད་ནས་དགོངས་སེལ་ཞུ་དགོས་སྐོར་བརྗོད་འདུག ད་ལྟའི་ཆར་ཕྱོགས་གཉིས་བར་གྱི་འབྲེལ་ལམ་ཚད་གཞི་དམའ་བོར་གནས་ཡོད་པ་རེད།
ཟླ་༡༡ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༣༠ ཉིན་རྒྱ་ནག་གི་ཕྱི་དྲིལ་ལས་ཁང་གི་མགྲིན་ཚབ་པ་ལཱི་ཇིན་ཀྲའོ་ཡིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ། ཨོ་སི་ཀྲོ་ལི་ཡའི་དམག་མི་ཞིག་གིས་ཕྲུ་གུ་ཞིག་གི་སྐེའི་འགྲམ་ལ་ཁྲག་ཡོད་པའི་གྲི་ཞིག་བཟུང་ནས་བསྡད་ཡོད་པའི་པར་ཞིག་བཞག་ནས། དེའི་འོག་ཏུ་ཨོ་སི་ཀྲོ་ལི་ཡའི་དམག་མིས་ཨབ་གྷ་ནི་སི་ཐན་གྱི་མི་སེར་དཀྱུས་མ་དང་བཙོན་པ་རྣམས་དམར་གསོད་བཏང་ཡོད་པའི་གནད་དོན་ཐོག་ཧ་ལས་ཡོད་པ་དང་། བྱ་སྤྱོད་དེ་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། དམག་མི་དེ་དག་ལ་འགན་ཁུར་དུ་བཅུག་པའི་དགོས་འདུན་འདོན་གྱི་ཡོད་ཅེས་བྲིས་ཡོད་འདུག
ཨོ་སི་ཀྲོ་ལི་ཡའི་བརྒྱུད་ལམ་ཁག་ཅིག་གིས། པར་དེ་ནི་ཨོ་སི་ཀྲོ་ལི་ཡའི་དམག་མིས་ཨབ་གྷ་ནི་སི་ཐན་གྱི་ན་གཞོན་གཉིས་གྲི་བརྒྱབ་ནས་བསད་ཡོད་པའི་གནས་ཚུལ་དང་འབྲེལ་སྦྱར་བྱེད་ཀྱི་ཡོད་སྲིད་སྐོར་དང་། གནས་ཚུལ་དེ་ནི་དཀྲོག་གཏམ་ཡིན་པ་ལས། དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད་འདུག
ཨོ་སི་ཀྲོ་ལི་ཡའི་སྲིད་བློན་མཱོ་རི་སོ་ཡིས་པར་དེ་ནི་ཚད་ལས་བརྒལ་བ་ཡིན་པ་དང་ཁས་ལེན་བྱེད་ཐབས་མེད་པ། ཕོག་ཐུག་གཏོང་བྱེད་ཅིག་ཡིན་པས། རྒྱ་ནག་གཞུང་ངོ་ཚ་སྐྱེ་དགོས་པ་ཞིག་ཡིན་སྐོར་བརྗོད་ནས་དགོངས་སེལ་ཞུ་དགོས་སྐོར་བརྗོད་འདུག ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཊེའུ་ཊར་ཚོང་ལས་ཁང་ལ། པར་དེས་གནས་ཚུལ་རྫུན་ཀ་ཁྱབ་སྤེལ་གཏོང་གི་ཡོད་པས་དྲ་ལམ་ནས་ཕྱིར་འཐེན་བྱེད་པའི་རེ་སྐུལ་ཞུས་ཡོད་པ་རེད་འདུག
དེ་ཡང་ཉེ་ཆར་ཨོ་སི་ཀྲོ་ལི་ཡའི་བདེ་སྲུང་རུ་ཁག་གིས་ལོ་ངོ་བཞིའི་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་ཕྱིར་བསྒྲགས་བྱས་འདུག་པ་དང་། སྙན་ཐོ་དེའི་ནང་ཕྱི་ལོ་༢༠༠༩ ལོ་ནས་༢༠༡༣ བར་ཨབ་གྷ་ནི་སི་ཐན་ནང་དུ། རྒྱལ་ཁབ་དེའི་དམིགས་བསལ་དམག་གི་རུ་ཁག་གིས། ཨབ་གྷན་གྱི་བཙོན་པ་དང་ཞིང་པ། མི་སེར་དཀྱུས་མ་བཅས་༣༩ ཆེད་དུ་མངགས་ནས་བསད་ཡོད་པ་དང་། དེ་ཡང་དམག་མི་རྣམས་ལ་སྲོག་གི་ཉེན་ཁ་མེད་བཞིན་དུ་མི་སེར་དཀྱུས་མ་དེ་དག་དམར་གསོད་བཏང་ཡོད་པའི་གནས་ཚུལ་རྙེད་སོན་བྱུང་འདུག བདེ་སྲུང་རུ་ཁག་གི་འགན་འཛིན་གྱིས་དམག་མིའི་བྱ་སྤྱོད་དེ་དག་ནི་ངོ་ཚ་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག གནས་ཚུལ་དེ་རྒྱལ་སྤྱིའི་ནང་གླེང་སློང་ཆེན་པོ་བྱུང་ཡོད་པ་རེད།
ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་ཁར། ཟླ་༩ པའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་མཐའ་མ་གཉིས་བདེ་འཇགས་ཀྱི་སེམས་འཚབ་འོག་ཕྱིར་ལོག་བྱས་ཡོད་པ་སོགས་ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཚད་གཞི་དམའ་བོར་གནས་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།