ཨོ་སི་ཁྲི་ལི་ཡའི་གླིང་ཆེན་དུ་སྤྲེལ་ཟླའི་ཚེས་བཅུ་སྲུང་བརྩི།

ཟླ་འདིའི་ཕྱི་ཚེས་༡༣ ཉིན་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་གཙོ་འགན་ཁུར་ཏེ། བོད་རབ་གནས་མེ་སྤྲེལ་ཟླ་བ་དྲུག་པའི་ཚེས་བཅུ་དེ་ཨོ་གླིང་སིད་ནི་བྱང་ཕྱོགས་སུ་སྲུང་བརྩི་ཞུས་ཡོད་པ་རེད།

13939295_10154087222854818_2602514641687589332_nདེ་ཡང་ལོ་བཅུ་གཉིས་ནང་གི་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཞེས་བོད་བརྒྱུད་ནང་བསྟན་སྤྱི་དང་། ཁྱད་པར་སྔ་འགྱུར་རྙིང་མ་པའི་ངོས་ནས་དུས་ཆེན་ཧ་ཅང་གལ་དུ་བརྩི་ཡི་ཡོད་པ་དང་། གོ་སྒྲིག་པ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་དུས་ཆེན་དེ་སྲུང་བརྩི་དགོས་དོན་སྐོར་གསར་འགོད་པར། གུ་རུ་རིན་པོ་ཆེ་བོད་ལ་བཀའ་དྲིན་ཆེན་པོ་དང་ལས་འཕྲོས་ཆ་ནས་རེད། ཕྱོགས་གང་ཐད་ནས་གལ་ཆེན་པོ་རེད། བོད་ལ་སངས་རྒྱས་པའི་ཆོས་ལུགས་ཐོག་མར་བཙུགས་མཁན་མཁན་སློབ་ཆོས་གསུམ་དང་དེའི་ནང་ནས་གུ་རུ་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་སྐོར་འགྲེལ་བརྗོད་གནང་འདུག

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཆོས་ཕྱོགས་ཀྱི་དུས་དྲན་དེའི་ཐོག་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྲེལ་ཟླའི་ཚེས་བཅུ་ཆེན་མོ་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་སོགས་དང་འབྲེལ་བའི་གསུང་བཤད་གནང་མཐར། སིད་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེས་བོད་མི་རིགས་འདི་ཉིད་གང་དུ་ཡོད་ཀྱང་། ནང་སེམས་ཀྱི་འཁྱེར་སོ་དང་འབྲེལ་བའི་ཆོས་ཀྱི་ཉམས་ལེན་གྱི་འཚོ་བ་དང་མི་འབྲལ་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་ཀྱི་ཐད་ལ་གཏམ་བཤད་གནང་།

དེ་ནས་ཁོ་རེ་ཡའི་བཙུན་པ་པོ་ཨན་སུའུ་ནིན་གྱིས་ཁོང་ཉིད་གུ་རུ་རིན་པོ་ཆེ་དང་འབྲེལ་བའི་དུས་ཆེན་ཁྱད་པར་ཅན་འདིར་ཞུགས་ཐུབ་པ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བའི་སྐོར་ལ་གསུང་བཤད་མདོར་བསྡུས་གནང་རྗེས། བོད་མི་མང་སྤྱི་མཐུས་ལས་ཐོག་པ་གདོང་འདུས་སྐྱིད་འཛོམས་ཀྱིས་བོད་དབྱིན་གཉིས་ཀྱི་སྐད་ཐོག་ནས་གསུང་བཤད་གནང་ཞིང་། མཁན་པོ་མཆོག་གིས་མ་བསྐུལ་དང་བླངས་ཀྱིས་གལ་ཆེའི་དུས་ཆེན་འདི་དང་འབྲེལ་བའི་ཆོས་ཕྱོགས་ཀྱི་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་བ་ཧ་ཅང་དོན་སྙིང་ལྡན་པ་ཡིན་ཚུལ་དང་། དེ་བཞིན་བོད་རིགས་དང་རྒྱ་རིགས་ནུབ་ཕྱོགས་པ་བཅས་ཀྱི་ཆོས་གྲོགས་དག་མཉམ་འབྲེལ་གྱིས་ལས་དོན་འདི་འདྲ་ཞིག་བརྩམས་པར་དོན་སྙིང་ཆེན་པོ་ཡོད་པའི་འབྲེལ་བརྗོད་གནང་སོང་།

དེ་ནས་བོད་རིགས་དང་རྒྱ་རིགས་སོགས་ཀྱི་རིག་གཞུང་འཁྲབ་སྟོན་དང་གླུ་གཞས་ཀྱི་མཆོད་སྤྲིན་སོགས་ཕུལ་རྗེས་གཙོ་སྒྲུབ་ལས་ཁོང་གི་ངོས་ནས་འབྲེལ་ཡོད་ལས་བྱེད་སོགས་ལ་རྔན་པ་གསོལ་བསྩལ་གནང་སྟེ་མཇུག་དྲིལ་ཡོད་པ་རེད།

ཐེངས་འདིར་སིད་ནི་ཡི་རིག་པ་ཆོས་ཚོགས་དང་། རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་ཆོས་ཚོགས་ཀྱི་སློབ་མ་གཙོས་པའི་དབྱིན་ཇི་དང་། དེ་བཞིན་རྒྱ་རིགས་མི་མང་བཅས་ལྔ་བཅུར་ཉེ་བ་དང་། བོད་པ་ཉིས་བརྒྱ་བརྒལ་བ་མཉམ་ཞུགས་བྱས་ཡོད་པ་རེད།།
གསར་འགོད་ཆོས་ཉིད་འོད་ཟེར་གྱིས།