ཨོ་སི་ཁྲོ་ལི་ཡ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་ཞིག་གི་གྱོད་དོན་ཕྱི་བཤོལ་བྱས་འདུག
ཟླ་འདིའི་ཚེས་༡༢ ཉིན་(ABC) གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཌི་རིའུ་པེཕ་ལའོ་ཟེར་བ་དེའི་གྱོད་དོན་དེ་ཕྱི་ཟླ་བཅུ་པའི་བར་ཕྱི་བཤོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཨོ་སི་ཁྲོ་ལི་ཡ་ནས་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཁོང་གིས་ལག་ཏུ་ཤོག་བུ་དཀར་པོ་ཞིག་བཟུང་ནས་ས་གནས་སུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པར་བརྟེན། ཕྱི་ལོ་༢༠༢༢ ཟླ་༥ ཚེས་༡༧ ཉིན་(Brisbane Magistrates) ཞེས་པའི་ཁྲིམས་ཁང་གིས་ཁོང་ལ་དཔལ་འབྱོར་གྱི་ཉེས་ཆད་གཉིས་བཅད་ཡོད་འདུག་པས།
ཟླ་འདིའི་ཚེས་༡༢ ཉིན་ཁོང་ས་གནས་ཀྱི་ཁྲིམས་ཁང་མདུན་དུ་ཕྱིན་ནས་ན་ནིང་ཁོ་ལ་དངུལ་གྱི་ཆད་པ་བཅད་པར་ངོ་རྒོལ་བྱས་ཡོད་འདུག
ཁོང་གིས་བརྗོད་གསལ་ལྟར་ན། ཁོང་ལ་དངུལ་གྱི་ཆད་པ་ཁྱོན་བསྡོམས་ཨ་སྒོར་༡༥༠༠ ཕོག་ཡོད་པའི་ཐོག་ཁྲིམས་གཏུག་སོགས་ཀྱི་དོན་དུ་ཨ་སྒོར་༡༠༠༠ དགོས་ཀྱི་ཡོད་འདུག་པ་མ་ཟད། ད་ལྟའི་ཆར་ཁྲིམས་དཔོན་གྱིས་ཁོང་གི་གྱོད་དོན་དེ་ཕྱི་ཟླ་བཅུ་པའི་བར་ཕྱི་བཤོལ་བྱས་ཡོད་འདུག
ཁོང་གིས་ཁྲིམས་ཁང་གི་ཕྱི་རོལ་དུ་(ABC) གསར་ཁང་ལ། ཁོང་གིས་བལྟས་ན་ཁྲིམས་ཁང་གི་གྱོད་གཞི་ཚང་མ་ནི་ཁྲལ་འཇལ་མཁན་གྱི་སྒོར་མོ་ཆུད་ཟོས་སུ་བཏང་བ་རེད་ཅེས་བརྗོད་ཡོད་འདུག
ཁོང་ནི་ད་ལྟ་ལོ་༢༤ ཡིན་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཞིག་ཡིན་པས། འདས་པའི་ལོ་མང་རིང་རྒྱ་གཞུང་དང་རྒྱ་ནག་དམར་ཤོག་ཚོགས་པ་ལ་ངོ་རྒོལ་དྲག་པོ་བྱེད་མཁན་ཞིག་ཆགས་ཡོད་འདུག
ཕྱི་ལོ་ ༢༠༢༢ ཟླ་བ་༡༢ ཚེས་༥ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས ་མཆོག་གིས་ཁོང་ལ་མཇལ་ཁ་བསྩལ་ཡོད་པ་དང་། ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༧ ཉིན་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་ཡོད་འདུག །
གསར་འགོད་པ་བློ་བཟང་རྒྱ་མཚོ།