ཨོ་སི་ཁྲོ་ལི་ཡའི་གསར་འགོད་པ་ཞིག་རྒྱ་ནག་གིས་ལོ་གསུམ་རིང་བཙོན་འཇུག་བྱས་རྗེས་གློད་འདུག 

ཨོ་སི་ཁྲོ་ལི་ཡའི་གསར་འགོད་པ་ཞིག་རྒྱ་ནག་གཞུང་གིས་གསང་བ་རྐུ་རྒྱག་གི་ཡོད་ཚུལ་བརྗོད་ནས་བཙོན་འཇུག་ལོ་གསུམ་བྱས་རྗེས་ད་ཆར་གློད་ཡོད་པ་དང་། ཁོང་མོ་ནི་དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་རིགས་འགོད་མཁན་ཞིག་ཡིན་འདུག

ཕྱི་ཚེས་༡༡ ཉིན་སྦི་སྦི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨོ་སོ་ཁྲོ་ལི་ཡའི་གསར་འགོད་པ་རང་ལོ་༤༨ ཡིན་པའི་(Cheng Lei)ཟེར་བ་དེ་ཕྱི་ལོ་༢༠༢༠ ཟླ་བ་༨ ཚེས་༡༣ ཉིན་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེ་དུས་མོ་རྒྱ་ནག་གཞུང་གི་བརྙན་འཕྲིན་(CGTN)ཟེར་བའི་ནང་དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་འགོད་མཁན་གྱི་གསར་འགོད་པ་ཞིག་ཡིན་འདུག ཕྱིས་སུ་མོ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ཕྱོགས་སུ་གཏོང་གི་ཡོད་པའི་ཉེས་འཛུགས་འོག་བཛིན་བཟུང་བྱས་ཡོད་ཀྱང་། མོའི་ནག་ཉེས་གང་ཡིན་མིན་ཕྱིར་བསྒྲགས་གང་ཡང་བྱས་ཡོད་མི་འདུག ཨོ་སི་ཁྲོ་ལི་ཡ་དང་རྒྱ་ནག་བར་གྱི་འབྲེལ་བ་དེ་ཏོག་དབྱིབས་ནད་དུག་སྐབས་སུ་སྡུག་ཏུ་ཕྱིན་ཡོད་པ་དང་། སྐབས་དེ་དུས་རྒྱ་ནག་གིས་ཨོ་སི་ཁྲོ་ལི་ཡའི་ནས་དང་རྡོ་སོལ། ཤིང་སོགས་རྒྱ་ནག་ལ་ཕྱིར་ཚོང་བྱེད་རྒྱུ་བཀག་སྡོམ་བྱས་ཡོད་འདུག འོན་ཀྱང་ད་ལོའི་ལོ་མགོ་ནས་རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་ཏོག་ཙམ་ཡག་ཏུ་ཕྱིན་ཡོད་འདུག 

ཕྱི་ཟླ་༡༠ ཚེས་༡༡ རེས་གཟའ་ལྷག་པའི་ཉིན་ཁོང་མོ་ཨོ་སི་ཁྲོ་ལི་ཡར་འབྱོར་དུས་ཨོ་སི་ཁྲོ་ལི་ཡའི་ཕྱི་སྲིད་བློན་ཆེན་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་དང་། སྲིད་བློན་གྱིས་ཁ་པར་བརྒྱུད་ནས་ཁོང་མོ་ཨོ་སི་ཁྲོ་ལི་ཡར་ཕྱིར་ལོག་ཐུབ་པ་ནི་ཁོང་མོའི་ནང་མི་གཅིག་པ་མ་ཡིན་པའི་ཨོ་སི་ཁྲོ་ལི་ཡའི་མི་མང་ཚང་མ་དགའ་པོ་བྱུང་ཡོད་ཚུལ་སོགས་བརྗོད་ཡོད་འདུག ཁོང་མོ་ཐོག་མར་ཟླ་བ་༦ རིང་རྒྱ་ནག་གཞུང་གིས་དྲི་རྩད་བྱས་ཡོད་འདུག་པ་དང་། དེའི་རྗེས་ཁྲིམས་ཁང་ནང་ཁྲིད་ཡོད་ཅིང་ཁོང་མོའི་ནང་མི་དང་གཞན་སུས་ཀྱང་ཁོང་མོ་ལ་ཁྲིམས་ཆད་གང་ཕོག་ཡོད་མིན་ཤེས་མེད་པ་ཡིན་འདུག ཁོང་མི་སྐྱེས་ས་རྒྱ་ནག་ནང་ཡིན་པ་དང་། ཕྱིས་སུ་ཨོ་སི་ཁྲོ་ལི་ཡའི་ནང་གནས་སྤོས་ཡོད་འདུག ཕྱི་ལོ་༢༠༡༢ ལོར་ཁོང་མོ་ཕྱིར་རྒྱ་ནག་ཏུ་ལོག་ནས་(CGTN)གསར་ཁང་ནང་ལས་ཀ་བྱེད་འགོ་བཙུགས་ཡོད་འདུག འདི་ལོའི་ཟླ་བ་༨ པའི་ནང་ཁོང་མོས་ཨོ་སི་ཁྲོ་ལི་ཡའི་མི་མང་ལ་ཡི་གེ་ཞིག་བཏང་ཡོད་པ་དང་། དེའི་ནང་ཁོང་མོས་བརྗོད་དོན་ལ་ངས་ཉིན་ལྟར་ཉི་མ་དྲན་བཞིན་ཡོད། ཉི་འོད་སྒེའུ་ཁུང་ནས་འཕྲོ་གི་འདུག ང་ཉི་མའི་འོག་ལོ་གཅིག་ནང་ཆུ་ཚོད་༡༠ ལས་ལང་རྒྱུ་མི་འདུག་པས། ང་ཨོ་སི་ཁྲོ་ལི་ཡའི་ནང་ཡོད་དུས་ཉི་མ་ལ་གཡོལ་ཐབས་བྱས་པ་དེ་དྲན་གྱི་འདུག ངས་ལྗོན་ཤིང་མ་མཐོང་ནས་མི་ལོ་གསུམ་ཕྱིན་སོང་ཞེས་བྲིས་ཡོད་འདུག ད་ཆར་ཨོ་སི་ཁྲོ་ལི་ཡའི་གསར་འགོད་པའི་ཁོང་མོ་ནང་མི་དང་ལྷན་དུ་མཉམ་འཛོགས་བྱུང་ཡོད་འདུག དེ་བཞིན་ཁེ་ན་ཌའི་གཞུང་ཚབ་ཁང་གི་ལས་བྱེད་(Michael Kovrig)དང་(Michael Spavor )གཉིས་རྒྱ་ནག་གཞུང་གི་གསང་བ་རྐུ་མ་རྒྱག་གི་འདུག་ཅེས་བརྗོད་ནས། ཕྱི་ལོ་༢༠༡༨ ནས་༢༠༢༡ བར་དྲི་རྩད་བཀག་ཉར་བྱས་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།