ཨོ་སི་ཁྲོ་ལི་ཡར་བོད་ཡིག་སློབ་གྲྭའི་སློབ་ཕྲུག་གཉིས་ལ་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་ཐོབ་འདུག


ཨོ་སི་ཁྲོ་ལི་ཡའི་ནེའུ་སོ་ཐི་ཝལ་མངའ་སྡེའི་ཤེས་རིག་ལྷན་ཁང་གི་ཁྱབ་ཁོངས་མི་རིགས་སྣ་མང་གི་སྐད་ཡིག་སློབ་གྲྭ་ཁག་གི་སློབ་མ་རྩེ་ཕུད་རྣམས་ལ་ལོ་ལྟར་མངའི་སྡེའི་བློན་ཆེན་གྱི་བྱ་དགའ་ཞིགགནང་སྲོལ་ཡོད་འདུག་པ་བཞིན། ད་ལོའི་མངའ་སྡེའི་བློན་ཆེན་གྱི་བྱ་དགའ་དེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་མ་གཉིས་ལ་ཐོབ་འདུག
བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན།
ཕྱི་ཚེས་ ༤ ཉིན་ས་གནས་གྲོང་སྡེའི་མི་རིགས་སྣ་མང་གི་སྐད་ཡིག་ལས་ཁུངས་ནས་བློན་ཆེན་གྱི་བྱ་དགའི་མཛད་སྒོ་སི་ཌི་ནེ་གཙུག་ལག་མཐོ་སློབ་ཆེན་མོའི་ནང་ཚོགས་འདུག་པ་དང་། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་དབུས་ཤེས་རིག་བློན་ཆེན་གཞོན་པ་ཆེད་ཕེབས་གནང་སྟེ་བཀའ་སློབ་ལམ་སྟོན་དང་སློབ་མ་རྩེ་ཕུད་རྣམས་ལ་བློན་ཆེན་གྱི་བྱ་དགའ་གནང་འདུག་པ་བཞིན།

གོང་གི་པར་རིས་རྣམས་ཀྱི་ཡོང་ཁུངས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ།

འདི་ལོའི་བྱ་དགའ་དེ་གནས་མཁར་གསར་གཟའ་མཇུག་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་མ་བསྟན་འཛིན་ཡེ་ཤེས་དང་ཆོལ་གསུམ་རྣམ་རྒྱལ་གཉིས་ལ་བློན་ཆེན་གྱི་བྱ་དགའ་ཐོབ་ཡོད་པ་དང་། དེ་བཞིན་མཛད་སྒོའི་ཐོག་ས་གནས་གྲོང་ཁྱེར་གྱི་ཤེས་རིག་འགན་འཛིན་བརྒྱུད་ནས་གནས་མཁར་གསར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་སློབ་མ་རྣམས་དམིགས་བསལ་མགྲོན་འབོད་ཀྱིས་བོད་ཀྱི་རིག་གཞུང་གཞས་སྣ་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་ཀྱང་གནང་ཡོད་འདུག་ལ། སྡིངས་ཆ་འདི་རྒྱལ་ཁབ་དང་མི་རིགས་སོ་སོའི་ཡུལ་སྲོལ་གྱི་གཞས་སོགས་ཁྱབ་བསྒྲགས་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་བཞིན། སློབ་གྲྭའི་ངོས་ནས་གྲ་སྒྲིག་གང་ལེགས་ཀྱིས་འཁྲབ་སྟོན་བྱས་ཡོད་འདུག ལོ སྔོན་མར་ཡུག་རེན་གྱི་སྐྱབས་བཅོལ་སློབ་ཕྲུག་རྣམས་ལ་གཞས་སྣ་འཁྲབ་སྟོན་གྱི་གོ་སྐབས་གནང་ཡོད་པ་བཞིན། ད་ལོ་མཁར་གསར་སློབ་གྲྭར་རིག་གཞུང་འཁྲབ་སྟོན་གྱི་གོ་སྐབས་གནང་འདུག མཛད་སྒོ་འདིར་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་དང་གཞན་ཡང་མི་རིགས་འདྲ་མིན་མང་པོ་ཞིག་འཛོམས་ནས་དེ་དག་གིས་དོ་སྣང་ཆེན་པོ་གནང་ས་ཞིག་ཡིན་འདུག གནས་མཁར་གསར་གཟའ་མཇུག་སློབ་གྲྭ་ནི་བོད་ཀྱི་སྐད་ཡིག་དང་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་འཛིན་ཆེད་ཕྱི་ལོ་ ༢༠༡༡ ལོར་གསར་འཛུགས་བྱས་པ་ཞིག་ཡིན་འདུག་ལ། ད་ལྟའི་ཆར་སློབ་གྲྭ་འདིའི་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་སོགས་ཀྱི་ཕྱག་ལས་གནང་མཁན་དགེ་རྒན་དང་ལས་བྱེད་གྲངས་ ༧  དང་སློབ་མ་གྲངས་ ༢༩  ཡོད་འདུག



གསར་འགོད་པ་བསྟན་འཛིན་ལམ་བཟང་།