ཨོ་སི་ཊོ་ལི་ཡ་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི།
ཟླ་འདིའི་ཚེས་༡༠ ཉིན་ཨོ་སི་ཊོ་ལི་ཡའི་ནང་གནས་སྡོད་བོད་མི་ཚོས་ཕྱི་ལོ་༡༩༥༩ ལོར་བོད་མིའི་རང་དབང་སྒེར་ལངས་ཆེན་མོ་བྱུང་བའི་གསུམ་བཅུའི་དུས་དྲན་ཐེངས་༥༧ པ་དེ་སྲུང་བརྩི་བྱས་ཡོད་པ་རེད།
དེ་ཡང་རྨེའུ་དཀོན་རྒྱམ་གྱིས་གནས་ཚུལ་འཁོ་སྤྲོད་གནང་བ་ལྟར་ན། སྔ་དྲོ་ཆུ་ཚོད་༡༠ པར་སེད་ནེ་གྲོང་ཁྱེར་དཀྱིལ་ནས་དུས་དྲན་སྲུང་བརྩི་བྱེད་སྐབས་ཨོ་སི་ཊོ་ལི་ཡའི་བོད་དོན་རྒྱབ་སྐྱོར་བ་དང་རྒྱ་ནག་མང་གཙོ་དོན་གཉེར་བ། རྒྱ་གར་བོད་དོན་ཉམས་ཞིབ་པ། ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ། སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས། ཕྱི་ནང་གི་གསར་འགོད་པ་བཅས་ཀྱིས་གཙོས་མི་མང་སུམ་བརྒྱ་ལྔ་བཅུ་ལྷག་མཉམ་འཛོམས་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། གྲོང་ཁྱེར་དཀྱིལ་ནས་རྒྱ་ནག་གཞུང་ཚབ་ཀྱི་མདུན་བར་ཞི་བའི་གོམ་བགྲོད་བྱས་ཏེ་གཞུང་ཚབ་མདུན་ནས་ཞི་བའི་སྐད་འབོད་ཆུ་ཚོད་གཉིས་ལྷག་བྱས་ཤིང་། སྐབས་དེར་ཆབ་སྲིད་བཙོན་ཟུར་བསྟན་འཛིན་རྣམ་རྒྱལ་དང་སྐལ་བཟང་འཕྲིན་ལས་གཉིས་ཀྱིས་དང་བླངས་ཀྱིས་གོ་སྒྲིག་འོག བོད་མི་བཅོ་ལྔ་ཡིས་རང་རང་གི་མགོའི་སྐྲ་བཞར་ནས་བོད་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་དང་ཆོད་སེམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་དམིགས་བསལ་བ་ཞིག་ཀྱང་སྤེལ་སོང་།
ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་ལུང་རྟོགས་ལགས་ཀྱིས་”ལོ་ངོ་དེ་འདྲའི་མང་པོའི་རིང་རྒྱ་དམར་གྱི་དྲག་པོའི་སྟོབས་ཤུགས་ཀྱིས་བོད་རིགས་སྤུན་ཟླའི་སྙིང་སྟོབས་དང་སེམས་ཤུགས་ལ་ཕམ་ཁ་གཏོང་ཐུབ་མེད། བོད་མིའི་རེ་བ་དང་ངོ་རྒོལ་གྱི་ཉིན་མོར་འདིར། ང་ཚོས་རྒྱ་དམར་གྱི་དབང་བསྒྱུར་ལ་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་ངོ་རྒོལ་བྱས་དང་བྱེད་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་གུས་འདུད་སྙིང་ནས་ཞུ་རྒྱུ་དང་། ལོ་རེ་བཞིན་ཉིན་མོ་འདིར་ང་ཚོས་གཞིས་བཞུགས་བོད་མི་རྣམས་ལ། ང་ཚོ་སྐྱབས་བཅོལ་ལུང་པར་སྡོད་མཁན་ཚོས་དུས་ནམ་ཡང་རང་དབང་དང་བདེན་པའི་འཐབ་རྩོད་ནི་ང་ཚོ་ཐུན་མོང་གི་འཐབ་རྩོད་ཅིག་ཡིན་པའི་བརྡ་ལན་གསལ་བོ་ཞིག་གཏོང་གི་ཡོད། རྒྱ་དམར་གཞུང་ལ་བོད་ཀྱི་བདེན་མཐའ་མ་སེལ་བར་དུ་ངོ་རྒོལ་མཚམས་འཇོག་མི་བྱེད་པའི་བརྡ་ལན་ཡང་གསལ་བོ་ཞིག་སྤྲོད་ཀྱི་ཡོད་”ཅེས་གསུངས་སོང་།
དེ་བཞིན་སེད་ནེ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས་”དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་དོན། རྒྱ་གཞུང་གིས་ག་དུས་ཡིན་ན། བོད་ཀྱི་གནད་དོན་ཟེར་བ་ཞིག་གང་ཡང་མེད། དེ་ནི་༸རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་གྱི་གནས་ཚུལ་ཞིག་ཡིན་ཚུལ་བཤད་བསྡད་ཡོད་པ་རེད། འོན་ཀྱང་དངོས་ཡོད་གནས་ཚུལ་གྱི་ཆ་ནས་དེ་འདྲ་རྩ་བ་ནས་མ་རེད། དེ་རིང་གི་ཉིན་མོ་འདི་ནི་བོད་དང་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཁྲག་དང་མིག་ཆུའི་ལོ་རྒྱུས་ལ་འདྲེས་པའི་རང་དབང་སྒེར་ལངས་ཆེ་ཤོས་དེ་ཆགས་ཡོད་པ་མ་ཟད། དེ་རིང་གི་ཉིན་མོ་ནི་བོད་མི་རེ་རེའི་སེམས་གཏིང་ནས་དུས་ནམ་ཡང་བརྗེད་ཐབས་མེད་པའི་དུས་ཚོད་ཁྱད་པར་བ་ཞིག་ཆགས་ཡོད། དེ་འདྲ་ཡིན་དུས་རང་དབང་ལུང་པར་ཡོད་པའི་བོད་རིགས་སྤུན་ཟླ་ཚང་མས་གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ། ལ་རྒྱ་དང་ཆོད་སེམས་ལ་རྗེས་དྲན། དེ་མཚུངས་༸གོང་ས་མཆོག་གི་དགོངས་གཞི་ལམ་སྟོན་ལྟར་ད་ལྟའི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་ལ་ཡི་རངས་དང་བསྔགས་བརྗོད། ལྷག་པར་མ་འོངས་བོད་ཀྱི་རང་དབང་དང་བོད་མི་རིགས་ཀྱི་ཆེད་དུ། ག་དུས་ཡིན་ན་གསུམ་བཅུའི་དུས་དྲན་འདི་བོད་ལ་རང་དབང་མ་ཐོབ་བར་དུ་མཚམས་འཇོག་བྱེད་མི་སྲིད་པ་ཞིག་རེད་”ཅེས་གསུངས་སོང་།
ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ནེའུ་ཁ་སེལ་(Newcastle City)གྱི་ས་གནས་སྲིད་གཞུང་གི་ལས་ཁུངས་ལྟེ་བ་རུ་ལོ་ལྟར་བཞིན་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད། དེའང་བོད་མི་རིགས་ཀྱི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་ས་གནས་སྲིད་གཞུང་གི་ངོས་ནས་བོད་ཀྱི་ཉིན་མོ་གཏན་འབེབས་བྱས་ཏེ་རྒྱབ་སྐྱོར་གནང་བ་ཞིག་རེད་འདུག །