ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་འདུག
ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཚོགས་དུས་ ༤༧ འཚོག་བཞིན་པ་དང་སྟབས་བསྟུན་གྲོས་ཚོགས་འཐུས་མི་སུ་སན་ཀྲེམ་པལ་མན་( Susan Templeman) གྱིས་བོད་དོན་ལ་རྒྱབ་སྐྱོར་དང་ཉེ་ལམ་ཁོང་ཉིད་བཞུགས་སྒར་དུ་ཕེབས་པའི་མྱོང་ཚོར་སྐོར་གསུངས་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་སུ་སན་ཀྲེམ་པལ་མན་གྱིས་ཨོ་སི་ཊོ་ལི་ཡའི་གཞུང་གི་རྒྱབ་སྐྱོར་ལ་བོད་མི་རྣམས་ཀྱིས་བསམ་པ་རྣམ་དག་གིས་བསྔགས་བརྗོད་ཞུ་གི་འདུག་ལ། ང་ཚོའི་ཕྱོགས་བསྐྱོད་ལའང་དགའ་བསུ་ཆེན་པོ་བྱས་སོང་། སྤྱིར་བཏང་བྱས་ན་ང་ཚོར་བཙན་བྱོལ་བོད་མིའི་འཚོ་བའི་སྐོར་རྒྱུས་ལོན་ཞུ་རྒྱུ་བྱུང་བས་ང་ཚོས་ཁོང་ཚོ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་དགོས་ཞེས་གསུངས།
དེ་སྔོན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༤ ནང་ལྕམ་སྐུ་སུ་སན་ཀྲེམ་པལ་མན་ལགས་ཐེ་བའི་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཀྱིས་བོད་མིའི་བདེ་དོན་དང་རང་དབང་སོགས་ཀྱི་ཐད་གྲོས་མོལ་གནང་ཡོད་འདུག
༸གོང་ས་མཆོག་དང་མཇལ་མོལ་གནང་བ་དྲན་གསོ་དང་འབྲེལ། ཁོང་མོས་མགོན་པོ་མཆོག་གིས་བཙན་བྱོལ་བོད་མི་རྣམས་མང་གཙོའི་ལམ་དུ་འཁྲིད་གནང་བ་དེ་ནི་སེམས་འགུལ་ཐེབས་འོས་པ་ཞིག་ཡིན་པ་ངོ་སྤྲོད་གནང་བ་མ་ཟད། བོད་མི་རྣམས་ཀྱིས་བཙན་བྱོལ་ནང་དུ་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་བར་བསྔགས་བརྗོད་གནང་ཡོད་འདུག
གཞན་ཡང་ཁོང་མོས་ཨོ་སི་ཊོ་ལི་ཡར་ཡོད་པའི་བོད་མི་དང་ལྷན་འབྲེལ་བ་གྲུབ་ཚུལ་དང་། ཁོང་ཚོའི་དཀའ་སྡུག་གདོན་ལེན་བྱེད་ཕྱོགས་ཀྱིས་ཁོང་མོར་བོད་དོན་ཞུ་གཏུག་བྱེད་རྒྱུར་སེམས་འགུལ་ཐེབས་ཚུལ་འགྲེལ་བརྗོད་གནང་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།
