ཨོསྟྲེ་ལི་ཡཱའི་གྲོས་ཚོགས་ནང་བོད་དོན་གླེང་སློང་།
ཨོསྟྲེ་ལི་ཡྰའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇ་ནི་ཊི་ར་ཡེ་སི་ (Senator Janet Rice) གིས་ཨོསྟྲེ་ལི་ཡཱའི་གྲོས་ཚོགས་ནང་ཕྱི་སྲིད་ཀྱི་གནད་དོན་སྐོར་གསུང་བཤད་གནང་སྐབས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཐད་ཐུགས་འཚབ་དང་འབྲེལ་ཨོསྟྲེ་ལི་ཡཱའི་གཞུང་གི་ངོས་ནས་རྒྱ་གཞུང་གིས་བོད་དང་འཛམ་གླིང་ས་ཕྱོགས་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་ཞུས་འདུག
དེ་ཡང་སྟྲེ་ལི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇ་ནི་ཊི་ར་ཡེ་སི་ཡིས། ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་དབང་བསྒྱུར་བྱས་རྗེས་བོད་མི་རྣམས་རྒྱ་ནག་གི་དབང་བསྒྱུར་འོག་གནས་མུས་ཡིན་ཞིང་། ཕྱི་ལོ་ ༡༩༥༩ ལོར་བོད་ནང་བོད་མི་ཚོས་རང་དབང་སྒེར་ལངས་བྱས་པའི་སྐབས། རྒྱ་ནག་གཞུང་གིས་དྲག་གནོན་བྱས་པ་དང་། དེ་ལ་བརྟེན་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་བ། རྒྱ་ནག་གཞུང་གིས་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ། རྒྱ་ནག་གཞུང་གིས་བོད་ནང་རྒྱ་རིགས་གནས་སྤོའི་སྲིད་བྱུས་ལག་བསྟར་བྱས་ཏེ་རྒྱ་རིགས་ཕོན་ཆེན་བོད་ནང་གནས་སྤོ་བཅུག་སྟབས། བོད་མི་རྣམས་རང་གི་ས་ཐོག་ཏུ་གྲངས་ཉུང་མི་རིགས་ཆགས་ཡོད་པ་སོགས་ཀྱི་སྐོར་གསུངས་འདུག་ལ།
གཞན་ཡང་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་རྩ་གཏོར་གཏོང་སླད་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་བཙན་དབང་གིས་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ཡོད་པས་ཨོསྟྲེ་ལི་ཡཱའི་གཞུང་གི་ངོས་ནས་དེའི་ཐད་ཐུགས་སྣང་གནང་དགོས་པའི་སྐོར་གསུངས་པ་མ་ཟད། འབྱུང་འགྱུར་ཕྱི་ཟླ་༤ ནང་ཁོང་ཨོསྟྲི་ལི་ཡཱའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་འཆར་ཡོད་སྐོར་གསུངས་ཡོད་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།