ཐའེ་ལན་ཌིའི་རྒྱལ་ས་བྷེང་ཀོག་ཏུ་འབར་རྫས་འགད་གཏོར།
ཁ་སང་དགོང་མོར་ཐའེ་ལན་ཌིའི་རྒྱལ་ས་བྷེང་ཀོག་གྲོང་ཁྱེར་ལྟེ་བའི་གྲགས་ཅན་ལྗོངས་རྒྱུ་ས་ཚིགས་ཤིག་གི་ཉེ་འཁོར་དུ་འབར་རྫས་འགད་གཏོར་བྱུང་སྟེ། ད་ལྟའི་ཆར་ཉུང་མཐར་ཡང་མི་༢༡ འདས་གྲོངས་སུ་གྱུར་ཡོད་པ་དང་། མི་༡༢༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་རེད།
ཕྱི་ཟླ་༨ པའི་ཚེས་༡༧ རེས་གཟའ་ཟླ་བའི་ཉིན་གྱི་དགོང་མོར་ཐའེ་ལན་ཌིའི་རྒྱལ་ས་བྷེང་ཀོག་(Bangkok) གྲོང་ཁྱེར་གྱི་ལྟེ་བ་རུ་ཡོད་པའི་གྲགས་ཅན་ལྗོངས་རྒྱུ་ས་ཚིགས། ཧིན་རྡུ་ཆོས་ལུགས་ཀྱི་ཚངས་པ་གདོང་བཞི་ཅན་གྱི་སྐུ་འདྲ་ཡོད་པའི་ལྷ་ཁང་གི་ཉེ་འཁོར་དུ་འབར་འགད་བྱུང་ཡོད་ཅིང་། འབར་འགད་ཀྱི་གཏོར་རྒོལ་བྱུང་སའི་ས་གནས་སུ་སྐར་མ་ལྔ་རྟགས་ཅན་གྱི་མགྲོན་ཁང་ཞིག་དང་། དཔེ་གསར་ཚོང་ཁང་ཞིག་ཀྱང་ཡོད་པས་ཡུལ་སྐོར་སྤྲོ་འཆམ་པ་དང་ཅ་དངོས་ཉོ་མཁན་གྱི་མི་ཚོགས་མང་པོ་འདུས་ཡོད་པ་མ་ཟད། ཧིན་རྡུའི་ལྷ་སྐུ་ལ་མཆོད་འབུལ་བྱེད་མཁན་དང་ལྟད་མོ་ལྟ་མཁན་སོགས་སྐབས་དེར་མི་ཚོགས་ཀྱི་འཚང་ཀ་ཤིག་ཤིག་ཡིན་འདུག
འབར་འགད་ཀྱི་དོན་རྐྱེན་བྱུང་བའི་རྗེས་སུ་ས་གནས་དེ་གར་ཡོད་པའི་སྨན་ཁང་ནས་སྙན་ཐོ་ཞིག་སྤེལ་ཡོད་པའི་ནང་། མི་༢༡ འབར་འགད་བྱུང་སའི་ཡུལ་དངོས་སུ་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་༦ སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པའི་ཁྲོད། ཐའེ་ལན་ཌིའི་མི་༡༠ དང་ཧྥི་ལན་པི་ཡི་མི་༡། རྒྱ་ནག་སྐམསའི་མི་༣ དང་ཧོང་ཀོང་གི་ཡུལ་མི་༡ བཅས་ཚུད་ཡོད་འདུག་ལ། མི་༡༢༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
ཐའེ་ལན་ཌིའི་གཞུང་ཕྱོགས་ཀྱི་འགན་ཁུར་མི་སྣས་བརྗོད་པ་ལྟར་ན། ཐེངས་དེའི་འབར་འགད་གཏོར་རྒོལ་གྱི་ཇུས་འགོད་པའི་དམིགས་ཡུལ་ཕྱི་རྒྱལ་གྱི་ལྗོངས་རྒྱུ་བ་གསོད་རྒྱུ་ཡིན་པ་ཐེ་ཚོམ་མེད་པ་མ་ཟད། ཐའེ་ལན་ཌིའི་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་ལ་རྒོལ་རྡུང་བཏང་བ་ཞིག་ཡིན་པ་དང་། ཡུལ་སྐོར་སྤྲོ་འཆམ་ལས་རིགས་ཀྱིས་ཐའེ་ལན་ཌིའི་རྒྱལ་ཁབ་དཔལ་འབྱོར་གྱི་བཅུ་ཆ་གཅིག་ལྷག་ཟིན་ཡོད་པ་རེད།
ཕྱི་ལོ་༢༠༡༠ ལོར་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དང་བདེ་སྲུང་མི་སྣའི་བར་འཁྲུག་འཛིང་ཤོར་ཏེ་མི་༩༠ ལྷག་རྐྱེན་ལམ་དུ་བཏང་ཡོད་ཅིང་། ཐེངས་འདིའི་འབར་འགད་ནི་བྷེང་ཀོག་གི་ཆེས་ཚབས་ཆེ་བའི་དྲག་པོའི་དོན་རྐྱེན་གསར་ཤོས་ཤིག་ཆགས་ཡོད་འདུག མིག་སྔར་ཐེངས་འདིའི་འབར་འགད་ཀྱི་དོན་རྐྱེན་སུས་སྤེལ་པ་ཡིན་མིན་བརྗོད་མཁན་བྱུང་མེད་ཀྱང་། མི་མང་པོ་ཞིག་གིས་ཐའེ་ལན་ཌིའི་ལྷོ་ཕྱོགས་སུ་ཡོད་པའི་ཁ་ཆེའི་ཁ་བྲལ་ཤོག་ཁག་གིས་སྤེལ་བ་ཡིན་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད། ཡིན་ནའང་དེ་སྔར་ཁ་ཆེའི་ཁ་བྲལ་ཤོག་ཁག་གིས་ཁོང་ཚོའི་ཁྱབ་ཁོངས་ཀྱི་ས་ཁུལ་ལས་རིང་དུ་བརྒལ་བའི་བྱང་ཕྱོགས་སུ་གཏོར་རྒོལ་བྱས་མྱོང་མེད། འདས་པའི་ལོ་བཅུའི་རིང་ཐའེ་ལན་ཌིའི་ཆབ་སྲིད་ལ་བརྟན་ལྷིང་མེད་པར་འགྱུར་ལྡོག་མང་པོ་བྱུང་སྟེ། མཇུག་མཐར་དམག་དཔུང་གིས་སྲིད་དབང་བཙན་འཕྲོག་བྱས་པ་དང་། དེའི་རྗེས་ནས་དམག་གི་འགོ་ཁྲིད་ཀྱིས་དབང་ཆ་ཡོངས་རྫོགས་བཟུང་ཡོད་པ་རེད།།
ཏྲེ་ཧོར་ཐུབ་བསྟན་གྱིས་སྒྱུར་སྒྲིག་བྱས།