སྟོང་འཁོར་ཉི་བའི་བླ་གྲྭ་གསུམ་ཟླ་ལྔ་ལྷག་བཙོན་འཇུག
གཞན་ཡང་ལྷ་ས་སེ་རྭ་དགོན་དུ་སློབ་སྦྱོང་ལ་རོལ་བཞིན་པའི་དར་རྒྱས་གླིང་དགོན་པའི་གྲྭ་བློ་བཟང་དངོས་གྲུབ་དང༌། ཐུབ་བསྟན་དངོས་གྲུབ། འབུམ་ཆོས་(འབོས་ཆེན)དགོན་གྱི་སྤྲུལ་སྐུ་བློ་བཟང་སྐལ་ལྡན་བཅས་ཀྱིས་ཀྱང་ལྷ་སའི་བར་སྐོར་དུ་སྐད་འབོད་ཤུགས་ཆེན་བྱས་པའི་རྐྱེན་གྱིས་བཙོན་དུ་བཅུག་ནས་དུས་ཡུན་ཟླ་བ་ལྔ་ལྷག་ཙམ་གྱི་རིང་བཙོན་དུ་དཀའ་སྡུག་མནར་སྤྱོད་མྱངས་ཡོད་པ་དང༌། སྐབས་དེར་རྒྱ་དམར་སྲིད་གཞུང་ནས་བོད་ཀྱི་ས་ཁུལ་གཞན་དང་གཅིག་མཚུངས་ལྟར་ཉི་ཁོག་ཏུ་དྲག་ཆས་སྤྲས་པའི་རྒྱ་དམར་གྱི་དམག་མིས་འཇིགས་སྐུལ་དང༌། སྲིད་གཞུང་ནས་ཚོགས་འདུ་ཐེངས་མང་འཚོགས་ནས་ཡར་ལངས་མི་ཆོག་པའི་བཙན་གནོན་སྒོ་གང་ས་ནས་བྱས་ཡོད་འདུག ཉི་ཁོག་མང་ཚོགས་སུ་རྒྱ་ནག་གིས་ཕན་ཚུན་འགྲིམ་འགྲུལ་བཀག་པ་དང་ཁ་པར་སོགས་དང་ས་ཕྱོགས་གཞན་དང་འབྲེལ་བ་བྱེད་མི་ཆོག་པ་སོགས་ས་གནས་གཞན་དང་གཅིག་མཚུངས་ལྟར་བྱུང་འདུག ཉི་ཁོག་རྒྱ་ནག་གཞུང་གི་ལས་ཁུངས་ཡོད་སར་ཕོ་གསར་རྡོ་རྗེ་ཚེ་རིང་ཟེར་བ་ཞིག་གི་སྐད་འབོད་ཀྱིས་རྣམ་འགྱུར་སྟོན་སྐབས་ཉེས་རྡུང་བཏང་ནས་འཛིན་བཟུང་བྱས་འདུག་ཀྱང༌། རྗེས་སུ་དངུལ་ཆད་བཏང་ནས་གློད་གྲོལ་ཐོབ་ཙམ་བྱུང་ཡོད་འདུག།
