ཏྲེ་ཧོར་ཁུལ་གྱི་གནས་ཚུལ་གསར་པ།
ཡང་དཀར་མཛེས་རོང་པ་ཚ་པུས་མོ་འབུགས་གྲོང་ནས་ཡིན་པ། རང་ལོ་༤༩ ཅན་བློ་བཟང་རྡོ་རྗེ་ཟེར་བ་ཞིག་ཕྱི་ཟླ་༥ ཚེས་༡༨ ཉིན་གྱི་དགུང་མོ་ཁྱིམ་དུ་ཉེན་རྟོག་པ་མོ་ཊར་གཉིས་སླེབས་ནས་ཁོང་ཚོ་ལ་སྐད་ཆ་དྲི་ཡ་ཡོད་ཚུལ་སོགས་བཤད་ནས་བཙན་ཁྲིད་ཀྱིས་ད་བར་གློད་བཀྲོལ་ཐོབ་མེད་པ་དང་ད་སྐབས་ཀྱང་དཀར་མཛེས་རྫོང་དུ་བཙོན་ཁང་ནང་བཅུག་ཡོད་འདུག ཁོང་གི་གཟའ་ཟླའི་མིང་དབྱངས་མཚོ་དང༌།རང་ལོ་༤༥ཙམ་ཡིན་འདུག དཀར་མཛེས་བན་དྷེ་སྒང་ནས་ཡིན་པའི་ཕ་མིང་ཕུན་ཚོགས་དཔལ་ལྡན། མ་མིང་ལྷ་མོ་གཉིས་ཀྱི་བུ་ནུབ་ཕྱོགས་ཚང་རང་ལོ་༡༨ ཅན་རྡོ་རྗེ་བཀྲིས་དང༌། ཡང་དཀར་མཛེས་བན་དྷེ་སྒང་ནས་ཡིན་པའི་ཕ་མིང་བདེ་ལྡན། མ་མིང་བདེ་དགའ་གཉིས་ཀྱི་བུ་རང་ལོ་༢༢ ཅན་ཐུབ་བསྟན་དཔལ་ལྡན་གཉིས་ཀྱང་འཛིན་བཟུང་བྱས་ཡོད་འདུག་པ་དང༌། ད་སྐབས་ཀྱང་བཙོན་ཁང་དུ་ཡོད་པ་མ་གཏོགས་འཛིན་དུས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང༌།།