གཡུ་སྒྲོན།
དང་པོ། སྤྱིར་བཏང་ང་ཚོ་ལ་ཡུལ་དུས་དང་གནས་སྟངས་ཀྱི་དབང་གིས་རྒྱལ་ཁབ་དང་མི་རིགས་གཞན་དང་མ་འདྲ་བའི་འགན་ཁུར་དང་བྱ་བ་མང་པོ་ཞིག་ཡོད་པ་རེད། དེ་ལས་ཆེས་གཙོ་ཆེ་བ་ནི་ྋགོང་ས་མཆོག་གི་བཀའ་དྲིན་བྱམས་སྐྱོང་འོག་ང་ཚོ་མི་ཡུལ་གྱི་བཙན་བྱོལ་བ་ཞིག་ཡིན་ཡང༌། རང་ཡུལ་ན་ཡོད་པ་ལས་ལྷག་གི་ཤེས་ཡོན་གྱི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཐོབ་ཡོད། ཡིན་ན་ཡང་སློབ་གྲྭའི་ནང་དེ་ལྟ་བུའི་གོ་སྐབས་ལ་གཅེས་འཛིན་མི་བྱེད་མཁན་སློབ་མ་མི་ཉུང་བ་རེ་ཡོད་པ་ནི་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད། བྱས་ཙང་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་འགན་ཁུར་མ་བརྗེད་པའི་ཐོག་གསེར་ལས་དཀོན་པའི་གོ་སྐབས་ལ་དམ་འཛིན་བྱས། མ་འོངས་པར་ཆེ་ས་ནས་རང་བཙན་རྩོད་ལེན་བྱེད་མཁན་གྱི་མི་སྣ་ཞིག་དང་ཆུང་ས་ནས་རང་གི་རྐང་པའི་ཐོག་སྲ་ཐག་ཐག་ལངས་ཐུབ་པ་ཞིག་བྱེད་དགོས་པ་རེད་བསམ་གྱི་འདུག གོ་སྐབས་བཟང་པོ་དེ་བརླག་པ་དང་འགན་ཁུར་གང་ཡིན་དེ་མ་ཤེས་ན་ཞབས་འདྲེན་རེད།
གཉིས་པ། བཙན་བྱོལ་བའི་སྤྱི་ཚོགས་ནང་བོད་ཀྱི་གཞོན་སྐྱེས་དང་སློབ་ཕྲུག ཕ་མ། དགེ་ལས་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ཀྱི་སྐད་ཡིག་མ་བཤད་ནས་བོད་པ་ནང་ཁུལ་ལ་ཡང་སྐད་ཆ་བཤད་པ་དང་ཡིག་འབྲེལ་བྱེད་སྐབས་གཞན་གྱི་སྐད་དང་ཡི་གེ་བྱུང་ལ་མ་བྱུང་ཞིག་རྫིག་མདོག་གིས་བཤད། ཡུལ་སྲོལ་དང་གོམས་གཤིས་བསྒྱུར་ཏེ་གཞས་གཏོང་བ། མི་རིགས་གཞན་གྱི་འགྲོ་སྟངས་དག་དཔེ་གསར་དུ་བརྩིས་ན་དོན་ལ་རང་ཉིད་ཀྱི་ཞབས་འདྲེན་རེད་བསམ་གྱི་འདུག དེར་བརྟེན་གཙོ་བོ་ང་ཚོ་བཙན་བྱོལ་བའི་སློབ་མའམ་བོད་ཀྱི་བདག་པོ་གསར་པ་སུ་ཞིག་ཡིན་ནའང༌། རང་ཉིད་ཀྱི་ལས་འགན་དང་གོ་སྐབས། ཡུལ་སྲོལ་དང་གོམས་གཤིས་དེ་ལས་ཀྱང་ང་རང་ཚོའི་རིགས་ཀྱི་སྲོག་རྩར་གྱུར་པའི་སྐད་ཡིག་ལ་སྣང་ཆུང་མི་བྱེད་པར་གལ་ཆེན་དུ་བརྩིས་ནས་དོ་སྣང་བྱེད་དགོས་པ་གཏན་ནས་བརྗེད་མི་རུང་བ་ཞིག་རེད་བསམ་ནས་བོད་ཀྱི་བང་ཆེན་གསར་ཤོག་གི་མི་རབས་གསར་པའི་གླེང་སྟེགས་བརྒྱུད་ང་རང་དང་འདྲ་བའི་བོད་ཕྲུག་སློབ་མ་ཚོར་དྲན་གསོའི་རེ་སྐུལ་ཞུས་པ་ཡིན།།
མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས་བཏང༌།
