ཉི་མ།
གུས་པ་རང་དབང་གི་གླེང་སྟེགས་འདིར་སྤྲོ་དགའི་ངང་ཞུགས་ཏེ། རེ་བ་དང་བསམ་ཚུལ་ཁ་ཤས་གླེང་འདོད་བྱུང༌། སྔར་བོད་མི་རིགས་འདི་ཉིད་ཤར་ཨེ་ཤ་ཡའི་གླིང་ཕྲན་དུ་སྟོབས་ཆེན་གྱི་མི་རིགས་ཤིག་ཏུ་གླེང་ན་ཡང༌། རིམ་པས་ཉམས་ནས་རྗེས་ལུས་ནས་ཡང་ལུས་དང༌། ད་སྐབས་ཆགས་འཇིག་གི་མཚམས་སུ་སླེབས་པ་དེ་ནི་འཛམ་གླིང་སྤྱིའི་འགྱུར་འགྲོས་དང་མཉམ་བསྐྱོད་མི་ཐུབ་པ། ལྷག་པར་ཤེས་ཡོན་གྱི་ཐོག་ནས་སྲོལ་རྒྱུན་གྱི་རིག་གནས་ཙམ་མ་གཏོགས་སྔོན་ཐོན་གྱི་མི་རིགས་ཚོས་རྩ་ཆེན་བྱས་པའི་སྔོན་ཐོན་ལ་ཉེ་བར་མཁོ་བའི་ཚན་རིག་སོགས་ལ་དོ་སྣང་མ་བྱས་པས་བྱུང་བ་གསལ་པོ་རེད། ད་དུང་ཡང་སྔོན་ཐོན་ནུས་པའི་སློབ་སྦྱོང་ལ་གཞུང་མང་གཉིས་ཀས་དོ་སྣང་བྱེད་པའི་ནུས་པ་ཤུགས་ཆུང་བ་དང༌། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ངོ་ལྔ་བཅུ་འཁོར་བཞིན་ཡོད་ནའང༌། བོད་མི་སྤྱི་ཡོངས་ལ་ཚན་རིག་སོགས་ཚད་མཐོ་སྦྱང་སའི་སློབ་གཉེར་ཁང་ཞིག་བཟོ་ཐུབ་མེད། འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཡོན་སྤྲོད་ཐུབ་ཀྱང༌། དེས་བོད་མི་རིགས་འགྱེལ་ས་ནས་ལངས་ཏེ་ཡར་ཐོན་ཅན་གྱི་མི་རིགས་དང་མཉམ་དུ་མདུན་བསྐྱོད་བྱེད་མི་ཐུབ་པ་གསལ་པོ་རེད། ད་ལྟ་དུས་རབས་ཉེར་གཅིག་པའི་སྐབས་ཀྱི་འཛིན་རིམ་བཅུ་གཉིས་པའི་ཤེས་ཡོན་ལྡན་པ་ཞིག་དང༌། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ཡན་གྱི་སྨྲ་ཤེས་དོན་གོ་བའི་ཡིག་རྨོངས་པ་ཞིག་དང་ཁྱད་པར་མེད། འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཡོན་ཡོད་པས་ལས་ཐུབ་པ་ནི་བལ་གོས་བཙོང་ཤེས་ཙམ་རེད། དེ་ནི་ང་ཚོ་བཙན་བྱོལ་ལ་ཡོང་ནས་མི་ལོ་ལྔ་བཅུ་འཁོར་བའི་གྲུབ་འབྲས་ལ་བརྟག་ན་ཤེས་ཐུབ། ང་ཚོའི་རྩ་དོན་ནས་བཤད་ན། ལོ་ཤས་སྔོན་ལྡི་ལིར་གཞོན་ནུའི་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་དེ་འཛམ་གླིང་གི་མིས་དོ་སྣང་བྱེད་ཡུལ་དུ་གྱུར་ཏེ། ཡོ་རོབ་གྲོས་ཚོགས་ཀྱིས་ཀྱང་ཟླ་དུས་མཚམས་བཅད་ཀྱིས་རྒྱ་ནག་དམར་པོས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ྋགོང་ས་མཆོག་དང་བཀའ་མོལ་མ་བྱས་ན། དྷ་སའི་གཞུང་འདི་བཙན་བྱོལ་གཞུང་ཚད་ལྡན་ཞིག་ལ་ངོས་ལེན་བྱེད་ཀྱི་ཡིན་ཞེས་ཐག་གཅོད་གནང་བས། དེ་མ་ཐག་པེ་ཅིང་སྲིད་གཞུང་གིས་གཞོན་ནུའི་ལས་འགུལ་དང་ཡོ་རོབ་གྲོས་ཚོགས་ཀྱི་ཁ་འགོག་ཐབས་སུ་དྷ་སའི་གཞུང་དང་ཞི་མོལ་འགོ་བཙུགས་སོང༌། ད་ལོ་ཡང་བོད་ས་སྟོད་སྨད་ཀུན་ནས་རང་དབང་སྒེར་ལངས་ཤུགས་ཆེ་ལ་རྒྱུན་མ་ཆད་པ་བྱུང་བ་རྣམས་འགོག་བྱེད་དང་ྋགོང་ས་ྋསྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རྗེའི་བཀའ་དྲིན་ལས་འཛམ་གླིང་གི་དབུ་ཁྲིད་དང་ཚོགས་པ། མི་མང་བཅས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གནོན་ཤུགས་ཤུགས་ཆེ་བྱུང་བ་སོགས་འགོག་ཕྱིར། དྷ་སའི་གཞུང་དང་ཁ་སྟོང་པའི་སྐད་ཆ་ཐེངས་གཉིས་བཤད་སོང༌། དྷ་སའི་གཞུང་ནས་ཡང་དངོས་གནས་མིན་པའི་ཞི་མོལ་ལ་ཡ་ལན་གྱི་སྐད་ཆ་བཤད་དགོས་པ་ཡང་ད་ལྟའི་གནས་སྐབས་སུ་ཐབས་གཞན་མེད་པས་རེད། དེ་ནི་བཙན་བྱོལ་བ་ཆགས་པ་ནས་མི་ལོ་ལྔ་བཅུ་འགྲོ་བཞིན་ཡོད་ན་ཡང་མི་མང་སྤྱི་བྱིངས་ལ་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཡོན་ལས་ལྷག་པའི་ཤེས་ཡོན་སྤྲོད་མ་ཐུབ་པའི་དབང་གིས་བྱུང་བ་རེད། གྲོས་མོལ་ལ་ཕེབས་ཤོག་ཟེར་དུས་འགྲོ་རྒྱུ་མ་གཏོགས་གང་ཡང་ཡོད་པ་མ་རེད། སྔར་ནས་ང་ཚོའི་མི་མང་ལ་ཚན་རིག་དང་ཁྲིམས་སོགས་ཀྱི་ཤེས་ཡོན་སྤྲོད་ཐུབ་ཚེ། ད་ཐེངས་ང་ཚོ་ཡིས་ཐབས་ལམ་གཞན་ཞིག་རྙེད་ངེས་རེད། དེས་ན་མགྱོགས་མྱུར་ང་ཚོས་ཚན་རིག་གི་ལམ་ནས་གང་ཡང་བྱེད་ནུས་པའི་ཤེས་ཡོན་སྦྱང་སའི་སློབ་གཉེར་ཁང་གང་མང་བཙུགས་ཤིང་ནུས་པ་ཆེ་བའི་བོད་མི་གང་མང་ཐོན་པར་བྱས་ནས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལམ་དེ། གྲོས་མོལ་གཅིག་པུ་ལ་བརྟེན་དགོས་པ་མ་ཡིན་པ་ཞིག་ཡོང་ཐབས་གནང་རོགས་ཞེས་དྷ་སའི་དབུ་ཁྲིད་ཚོར་ཞུ་བཞིན་ཡོད།།
