དོན་སྙིང་མེད་པའི་གསེར་གྱི་རྟགས་མའི་གྲངས་འབོར།
རྩོམ་འདི་བྲིས་ནས་དུས་ཚོད་ཅུང་ཙམ་འགོར་སོང་བས་ཀློག་པ་པོ་རྣམས་ལ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན།
ངས་འདི་ལྟར་རྒྱལ་སྤྱིའི་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་གྲངས་འབོར་ནི་དོན་སྙིང་མེད་པ་ཞིག་རེད་ཅེས་བརྗོད་རྒྱུ་མིན་པར། ད་ལོའི་ལུས་རྩལ་འགྲན་ཚོགས་སྐབས་རྒྱ་ནག་ལ་གསེར་གྱི་རྟགས་མའི་གྲངས་འབོར་མང་ཤོས་ཐོབ་པ་དེར་བསམ་གཞིགས་ནན་མོ་བྱས་ན་དོན་སྙིང་མེད་པ་ཞིག་རེད་ཅེས་བརྗོད་འདོད་པ་ཡིན།
སྤྱིར་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་ནི་ཞི་བདེ་དང་རང་དབང་ཆ་ཚང་ཡོད་སའི་རྒྱལ་ཁབ་ཅིག་ཏུ་འཚོག་གི་ཡོད་པ་ནི་ཀུན་གྱིས་གླེང་གཞིར་གྱུར་པ་ལྟར་རེད། ད་ལོར་ཆ་མཚོན་ན་རྒྱ་གཞུང་གིས་ཁ་བྲལ་ཐབས་མེད་པའི་ཆ་ཤས་སུ་སྒྲོག་བཞིན་པའི་བོད་དེ་ཉིད་དྲག་དམག་དང་མཚོན་ཆས་བསྐོར་ནས་མི་རིགས་སྡེབ་གསོད་དང༌། བཙོན་འཇུག རྡུང་རྡེག་གི་སྲིད་ཇུས་ཤིག་ལག་ལེན་དུ་བསྟར་བཞིན་དུ། རྒྱལ་ས་པེ་ཅིང་དུ་འབོད་པའི་དམངས་གཙོའི་རིང་ལུགས་ཀྱི་ཞི་བའི་གྱེན་ལངས་པ་རྒྱ་ནག་རང་གི་མཐོ་རིམ་སློབ་མ་སྟོང་ཕྲག་མང་པོའི་སྲོག་དམར་བཅད་སའི་བཤས་ར་དང༌། རྣམ་ཤེས་འཁྱམ་སའི་གཤིན་ས་དེར་དགའ་འབོད་ཐལ་རྡེབ་ཀྱིས་གསེར་གྱི་རྟགས་མར་འགྲན་རྩོད་བྱེད་པ་ནི། རོ་ཐོག་ཞབས་བྲོ་འཁྲབ་པ་དང་གཉིས་སུ་མེད་ལ། ཚེ་སྲོག་འཕྲོགས་པའི་སློབ་མ་འདས་པོ་ཚོའི་རྣམ་ཤེས་ལ་སྡིག་སྨོད་བྱས་པ་དང་ཁྱད་པར་མེད། དེ་ནི་གསེར་གྱི་རྟགས་མའི་གྲངས་འབོར་ལ་དོན་སྙིང་མེད་པའི་རྒྱུ་མཚན་དང་པོ་དེ་རེད།
ལུས་རྩལ་འགྲན་ཚོགས་མ་འཚོགས་པའི་སྔོན་ཞིག་ནས་རྒྱ་གཞུང་གི་སྲིད་བློན་ཝིན་ཅཱ་པོ་ཡིས་རྩེད་འགྲན་སྐབས་སུ་གསར་འགོད་རང་དབང་གི་ཐོབ་ཐང་ཆ་ཚང་ལོངས་སྤྱོད་བྱེད་ཆོག་པའི་ཁས་ལེན་བྱས་པ་མ་ཟད། ངོ་རྒོལ་བྱེད་མཁན་རྣམས་ལ་ས་ཆའང་བཀོད་སྒྲིག་བྱས་ནས་ཅི་འདྲའི་གུ་ཡངས་པའི་རྒྱལ་ཁབ་ཅིག་རེད་སྙམ་པའི་ཚོར་སྣང་བསྐྲུན་ཐབས་བྱས། དོན་དུ་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ཙམ་ཡང་མེད་པར། ངོ་རྒོལ་སྐད་འབོད་མཁན་རྣམས་ལམ་སེང་འཇུ་བཟུང་དང་བཙོན་འཇུག་མཐར་སྐྲོད་བཅས་བྱས་ཤིང༌། ཁག་ཅིག་ལ་ཉེས་བརྡུང་ཡང་བཏང་ནས་རྨས་སྐྱོན་བཟོས་ཡོད། ད་དུང་ཞི་རྒོལ་གྱི་ཆོག་མཆན་ཞུ་མཁན་སུ་གཅིག་ལ་ཆོག་མཆན་མ་སྤྲད་པ་དང༌། ལྷག་པར་དུ་བོད་པ་ཡིན་ཚད་ལ་དོགས་ཟོན་བྱས་ནས་ལུས་རྩལ་འགྲན་ཚོགས་སྐབས་པེ་ཅིང་དུ་སྡོད་མ་བཅུག་པར་རང་གནས་སུ་ཕྱིར་བསློགས་བྱས་པ་རེད། གཡོ་རྫུན་བཅོས་མའི་ཁས་ལེན་གྱི་མཐིལ་བརྡོལ་ནས་འཛམ་གླིང་མི་མང་གི་མདུན་དུ་ངོ་ཚ་ཁ་སྐྱེངས་དུ་གྱུར་དུས་གསེར་གྱི་རྟགས་མའི་གྲངས་འབོར་དེའང་དེ་བས་དོན་སྙིང་མེད་པ་ཞིག་མ་རེད་དམ།
རྩེད་འགྲན་གྱི་ལྟད་མོ་བ་རྣམས་ཀྱི་རྐུབ་སྟེགས་ཁ་མ་གང་བ་རྣམས་ལ་མིའི་འདྲ་གཟུགས་རྫུན་མ་བཟོས་ནས་ལྟད་མོ་བ་མང་པོ་ཡོད་པ་ལྟ་བུའི་སྣང་ཚུལ་བསྐྲུན་པ། བར་སྣང་དུ་མེ་འབར་ཤོག་སྦག་གིས་མིའི་རྐང་རྗེས་ཀྱི་གཟུགས་བརྙན་ལྟ་བུ་ཉི་ཤུ་རྩ་དགུ་བཟོས་པ་དེའང་གཅིག་ལས་གཞན་རྣམས་གློག་ཀླད་དུ་རྫུན་བཟོ་བྱས་པ་དང༌། གཞས་བཏང་མཁན་གྱི་ཕྲུ་གུའི་ངོ་གདོང་གི་རྣམ་པ་མཛེས་ཞན་གྱིས་གཞས་བཏང་མཁན་ངོ་མ་གར་སྟེགས་སུ་ཡོང་མ་བཅུག་པར་གཞན་དག་ཅིག་ཡིན་མདོག་གིས་འཁྲབ་སྟོན་བྱས་པ། བུད་མེད་ལུས་རྩལ་བ་ཁག་ཅིག་ལོ་བཅུ་གཉིས་དང་བཅུ་གསུམ་ལས་སླེབས་ཀྱི་མེད་ཀྱང་ལོ་བཅུ་བདུན་བཅོ་བརྒྱད་ཡིན་ཞེས་རྩེད་འགྲན་དུ་འཛུལ་ཞུགས་བྱས་པ་དང༌། གྲངས་ཉུང་མི་རིགས་ང་དྲུག་གི་འཐུས་མི་ལྟད་མོ་ལ་རོལ་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་དོན་ངོ་མར་གྲངས་ཉུང་མི་རིགས་གཅིག་ཀྱང་མེད་པར་ཚང་མ་ཧན་མི་རིགས་ཡིན་པ་རེད། ལྷག་པར་དུ་ཇོ་མོ་གླང་མའི་རི་རྩེར་ཨོ་ལིམ་པིག་དཔལ་འབར་ཁྱེར་ཚུལ་བརྗོད་པ་དེ་ཉིད་གནམ་གཤིས་དང་ས་ཁམས་བརྟག་དཔྱད་པས་ཞུབ་འཇུག་བྱས་དོན་ལྟར་ན། མཐོ་ཚད་༥༩༩༤ཡི་མཚམས་ལ་མཁའ་དབུགས་མེད་པས། མེ་འབར་ཐབས་མེད་པ་དང༌། དཔལ་འབར་འཁྱེར་མཁན་གྱི་ཁ་ནས་རླངས་པ་འཕྱུར་བ་མཐོང་རྒྱུ་ཡོད་པ་དེའང༌། ཁ་རླངས་འཁྱག་པའི་ངོ་བོར་འགྱུར་བ་ལས་མཐོང་མི་ཐུབ་པར་བརྗོད་འདུག བལ་ཡུལ་མཐའ་སྲུང་དམག་གིས་ཀྱང་དཔལ་འབར་ཇོ་མོ་གླང་མའི་རྩེར་ཁྱེར་མེད་ཚུལ་བརྗོད་ཡོད་པ་རེད། རྒྱ་ནག་གི་ཐག་རིང་རྒྱུག་འཆོང་ལུས་རྩལ་པ་ལིའུ་ཞང་རྐང་པ་རྨས་ཁུལ་གྱིས་འགྲན་སྡུར་དུ་དངོས་སུ་ཞུགས་པའི་སྤོབས་པ་མེད་པར་ཕྱིར་འཐེན་བྱས་པ་བཅས་རྫུན་གྱིས་བྱུར་བུར་གཏམས་པའི་ལུས་རྩལ་འགྲན་ཚོགས་ཀྱི་མགྲོན་བདག་སྟེ། རྒྱ་ནག་ལ་གསེར་གྱི་རྟགས་མ་བརྒྱ་ཐོབ་ཀྱང་དོན་སྙིང་གིས་དབེན་པ་ཞིག་མ་ཡིན་ནམ།
རྒྱ་ནག་གི་ལུས་རྩལ་བ་རྣམས་ལ་སྦྱོང་བརྡར་ཇི་ལྟར་སྤྲོད་ཀྱི་ཡོད་དམ་ཞེ་ན། དེའང་བཙན་གནོན་མནར་གཅོད་རང་བཞིན་གྱིས་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་དྲ་རྒྱ་སོགས་སུ་མཐོང་ཐོས་ཡོད་པ་བཞིན། ཕྲུ་གུ་ཆུང་ཆུང་དུས་ནས་བཙན་གྱིས་མགོ་ནས་གནོན་པ་དང༌། རྐང་ལག་འཐེན་པ། འཕྲེད་རྒྱུགས་ལ་ཡུན་རིང་འཐམ་བཅུག་པ་བཅས་ཕྲུ་གུ་རྣམས་མི་བཟོད་པར་ངོ་སྐད་འཆོར་དགོས་པ་བཟོ་བ་སོགས་རྒྱ་གཞུང་གི་མིང་གྲགས་སམ་རྩེད་འགྲན་རྟགས་མའི་ཆེད་དུ་མི་ལ་གང་དྲན་གྱིས་མནར་གཅོད་གཏོང་བ་སོགས་མདོར་ན། རྒྱ་གཞུང་རང་ཉིད་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་རང་མི་མང་གི་ལུས་སྲོག་ལ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་གསོད་ས་གསོད། བཏུབ་ས་བཏུབ། མནར་གཅོད་གཏོང་སར་གཏོང་བའི་དམར་པོའི་སྲིད་གཞུང་ལ་རྟགས་མ་ག་ཚོད་ཐོབ་ཀྱང་དོན་སྙིང་ཞིག་གང་ན་འདུག
དེར་བརྟེན་ང་ཚོ་བོད་པ་ཞིག་ལ་མཚོན་ན་ཁོག་ནས་ཁྲེལ་དགོད་ཤོར་བ་ཞིག་ལས་ཧ་ལས་དགོས་པ་དང༌། སེམས་ཤུགས་ཆགས་དགོས་པའི་གནད་དོན་ཞིག་རྩ་བ་ཉིད་ནས་ཆགས་མེད། དེ་བས་ངན་ཤེད་སྒལ་རལ་གྱི་སྲིད་གཞུང་འདི་ལྟ་བུ་ཞིག་འཐོར་ཞིག་ཏུ་འགྲོ་བའི་ཐན་རྟགས་རབ་དང་རིམ་པ་སྟོན་གྱི་འདུག་སྙམ་པའི་དགའ་ཚོར་ཡང་སྐྱེ་དགོས་པ་ཞིག་ཡིན། འོ་ན་འདི་འདྲའི་རྒྱལ་ཁབ་ཅིག་ཏུ་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་འཚོགས་ཐུབ་པའི་གོ་སྐབས་ཇི་ལྟར་ཐོབ་བམ་ཞེ་ན། དེ་ནི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་མང་ཆེ་བས་སོ་སོའི་ཆེད་དུ་དཔལ་འབྱོར་དང་ཚོང་འབྲེལ་གྱི་ཁེ་ཕན་བློས་གཏོང་མ་ཐུབ་པར་རྒྱ་ནག་དམར་པོའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་པར་བརྟེན་ནས་གོ་སྐབས་དེ་ཉིད་ཐོབ་པ་མ་གཏོགས། འགྲོ་བ་མིའི་ཐོང་ཐང་དང༌། ཞི་བདེ། དམངས་གཙོ་བཅས་ཀྱི་ཐད་ནས་རྒྱ་ནག་དམར་པོའི་སྲིད་གཞུང་དེ་ཉིད་དབུལ་པོ་ལག་སྟོང་བ་ཞིག་གི་ཚད་དུ་ལྷུང་ཡོད་པ་མ་ཡིན་ནམ།
ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༡ དགོང་མོར་བྲིས།
