རྩོམ་ཡིག་ཆ་ཚང་འདིར་གཟིགས།
ང་ཐོག་མ་༡༩༩༨ ལོའི་དབྱར་སྟོད་ཙམ་ལ་བོད་ནས་གསར་དུ་འབྱོར་ཏེ་གསོག་སྒར་སློབ་གྲྭ་རུ་སོང་བ་ཡིན། གསོག་སྒར་སློབ་གྲྭ་སྐབས་དེ་དུས་ད་ལྟ་དང་མི་འདྲ་བར་དབུ་ལས་དགེ་རྒན་སློབ་ཕྲུག་ཚང་མའི་སྡོད་གནས་དང༌། འཛིན་ཁང་སོགས་ལྕགས་ཤོག་གི་ཁང་པ་ཐེབས་ཆགས་རེ་ཡིན། འོན་ཀྱང་འདི་ནི་ང་ཚོ་བོད་མི་རྣམས་མི་ཡུལ་ལུང་པ་ཞིག་ལ་བཙན་བྱོལ་དུ་འབྱོར་བའི་བརྒྱུད་རིམ་གྱི་གོམ་པ་དང་པོ་༡༩༥༩ ལོ་དང་བསྡུར་ན་གནས་སྟངས་དང་སྣེ་ལེན་མཐུན་རྐྱེན་ཕྱོགས་གང་གི་ཐོག་ནས་ཧ་ཅང་གི་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ངས་ཕྱོགས་མང་པོ་ནས་ཚོད་དཔག་བྱེད་ཐུབ། ང་གསོག་སློབ་ཏུ་འབྱོར་བའི་ཉིན་ཁ་ཤས་སོང་བའི་རྗེས་གཟའ་སྤེན་པ་ཞིག་ལ་ལས་ཀ་བྱེད་དུ་འགྲོ་སྐབས་གསོག་སློབ་ཀྱི་ཉལ་ཁང་ཨང་བཅུ་གཅིག་པའི་སྒོ་ཕྱེད་ཀ་ཕྱེ། སྒོ་ཕྱེད་ཀ་བརྒྱབ་པའི་ཐོག་ཏུ་བོད་ཡིག་དབུ་མེད་ཡིག་གཟུགས་ཡག་པོ་ཞིག་གིས་ཤིས་ཚིག་ཅིག་བྲིས་འདུག ང་འདི་འདྲའི་རིགས་ལ་ནམ་རྒྱུན་དོ་སྣང་ཡོད་མཁན་ཞིག་ཡིན་པས་ཇི་ལྟར་བཀླགས་ཀྱང་ཆ་ཚང་བ་ཞིག་ཀློག་མ་ཐུབ་པའི་ཚེ་ཕོ་གསར་ང་དང་སྐད་གདངས་གཅིག་པ་འབྲོག་སྐད་རྒྱག་མཁན་ཞིག་སླེབས་ནས་”ཤིས་ཚིག་དེ་ཀློག་སྐབས་སྒོ་གཉིས་ཆ་རྒྱག་དགོས་པ་རེད་”ཅེས་བརྗོད་སོང༌། སྒོ་གཉིས་ཆ་མ་བརྒྱབ་ན་ཤིས་ཚིག་ཕྱེད་ཀ་སྒོའི་ཕྱོགས་གཅིག་ཏུ་ཡོད་པས་མ་མཐོང་བ་རེད། ཕྱིས་སུ་ཕོ་གསར་འབྲོག་སྐད་རྒྱག་མཁན་དེ་ཚུལ་ཁྲིམས་ཟླ་བ་རེད་འདུག བརྒྱུད་རིམ་འདི་ངེད་གཉིས་ངོ་ཤེས་པའི་ཉི་མ་དང་པོ་དེ་ཡིན། ཁོང་ཚོའི་ཉལ་ཁང་ཨང་བཅུ་གཅིག་པ་དེ་སྐབས་དེར་གསོག་སྒར་སློབ་གྲྭའི་ནང་ནས་ལྕགས་ཁང་སྐྱིད་ཤོས་དེ་ཡིན་ཡང༌། ཁང་པ་གསར་རྒྱག་གི་ལས་རིམ་ཁྲོད་ཁོང་ཚོའི་ཉལ་ཁང་བཤིག་དགོས་བྱུང་བས་ཚུལ་ཁྲིམས་ཟླ་བ་ཉལ་ཁང་དེའི་རྒན་བདག་ཡིན་འདུག་པས་ང་ཚོ་གསར་དུ་འབྱོར་ནས་ཧ་ཅང་མ་འགོར་བ་རྣམས་ལ་མགོ་འདོམས་ཀྱི་ཆེད་དུ་ཉལ་ཁང་བདུན་པའི་རྒན་བདག་ཏུ་གནས་སྤོས་བཏང་སོང༌། འོན་ཀྱང་ཁོང་གིས་སུ་གཅིག་ལ་ཉལ་ཁང་ནང་དུ་ཐ་མག་འཐེན་མི་འཇུག་པ་དང༌། དགོང་མོའི་ཞལ་འདོན་སྐྱོར་བཞིན་པའི་སྐབས་ཡར་ལངས་ཏེ་ཉལ་ཁང་ནང་ནས་ཡར་འགྲོ་མར་འགྲོ་བྱས་ནས་དགེ་བསྐོས་ཀྱི་ཉམས་ལྟ་བུ་ཞིག་འདུག་པས་ངའི་སེམས་ལ་མི་དག་ལོ་ཅན་ཞིག་ཡིན་ས་རེད་བསམ་སོང༌། ང་བོད་ནས་འབྱོར་མ་ཐག་ཡིན་པས་ཟ་མ་དང་གནམ་གཤིས་མ་འཕྲོད་པའི་དབང་གིས་ཤ་སྐམ། གཟུགས་པོ་མི་བདེ་བ་སོགས་ཀྱིས་སེམས་པ་ཡང་སྐྱིད་པོ་མེད་པར་གཟའ་ཉི་མའི་གུང་སེང་ཞིག་ལ་ནང་དུ་ཉལ་བསྡད་པའི་ཚེ། ཉལ་ཁང་ནང་ནས་ངའི་ཕ་ཡུལ་གྱི་འབྲོག་གླུ་སྙན་མོ་ཞིག་བླངས་སོང་བས་ང་ལམ་སེང་ཡར་ལངས་ནས་སུ་ཡིན་ལྟ་དུས་ཁོང་རེད་འདུག དེའི་སྐབས་གསོག་སྒར་དུ་ང་ལ་ཕ་ཡུལ་གཅིག་པ་སུ་ཡང་མེད་ལ་ངོ་ཤེས་པ་ཡང་ཧ་ཅང་ཉུང༌། དེར་བརྟེན་ངས་ཕ་ཡུལ་དྲན་བཞིན་ཡོད་པ་ད་ལྟ་བསམ་བློ་བཏང་ན་ཤེས་ཀྱི་འདུག ཁོང་ལ་ཁྱེད་ཕ་ཡུལ་གང་ནས་ཡིན་པ་སོགས་དྲིས་པས་ཁོང་གིས་”སྔོན་མ་ལི་ཐང་གི་ཁོང་གཏོགས་དང༌། དེང་སྐབས་ཉག་ཆུ་རྫོང་ཨོ་ཐོག་གི་འབྲོག་པ་ཡིན་”ཞེས་བརྗོད་བྱུང༌། སྐབས་དེ་ནས་བཟུང་རིམ་པས་ཁོང་དང་ངའི་བར་གྱི་འབྲེལ་འདྲིས་ཇེ་མང་དང་ཡིད་ཆེས་ཇེ་ཆེ་རུ་སོང་ནས་ཟླ་གསུམ་ཙམ་ལ་ཁོང་དང་ཕལ་ཆེར་མཉམ་འགྲོ་མཉམ་འདུག་བྱས་པས་ཕན་ཚུན་ཡིད་ཆེས་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་གྱུར་སོང༌། ཁོང་སློབ་གྲྭ་རུ་ལོ་གསུམ་བསྡད་དེ་ཕྱི་ལོགས་སུ་འགྲོ་བའི་དུས་སུ་སླེབས་འདུག་པ་དང༌། ཁོང་ལ་མཚོན་ན་བོད་ཡིག་ཤེས་ཚད་ཡག་པོ་ཡོད་པའི་ཐོག་སྐབས་དེ་དུས་སློབ་མཐར་ཕྱིན་མཁན་གྱི་གྲས་ནས་དབྱིན་ཇིའི་ཤེས་ཚད་ཀྱང་ཡག་ཤོས་ཡིན་ཚུལ་ཁོང་གི་འཛིན་གྲྭ་གཅིག་པ་ཚོས་བརྗོད་ཀྱི་འདུག་ལ། དོན་དངོས་ཀྱི་ཐོག་ནས་ཀྱང་དབྱིན་ཡིག་གི་ཐོག་ནས་རང་མགོ་ཐོན་ཐུབ་པ་ཞིག་ཡོད། དེ་ནས་ཁོང་ཡང་ང་དང་གཅིག་མཚུངས་བཞིན་རོགས་རམ་རྒྱབ་རྩ་སུ་གཅིག་མེད་པས་སློབ་སྦྱོང་དང་འཚམས་པའི་ལས་ཀ་ཞིག་མ་རག་པར་སློབ་གྲྭ་ནས་ཐོན་ཏེ་སྦིར་གཞིས་ཆགས་སུ་འཚེམ་ཁང་ཞིག་ཏུ་ལས་ཀ་བྱས་ནས་བསྡད་པའི་སྐབས་ཀྱང་ང་གུང་སེང་དུ་འགྲོ་ས་ཁོང་གི་ནང་མ་གཏོགས་མེད། ལས་དབང་ཡིན་པ་འདྲ་ངས་ནོར་གླིང་ཞིབ་འཇུག་སྡེ་ཚན་དུ་ལས་ཀ་བྱེད་སྐབས་ཁོང་ཡང་དེ་གའི་ལས་བྱེད་ཀྱི་ཁོངས་སུ་ཚུད་སོང༌། དེ་ནས་བཟུང་ལོ་གསུམ་རིང་ཡིག་ཚང་གཅིག་པ་ཡིན་པར་མ་ཟད་ངེད་གཉིས་ཀྱི་ནང་ཡང་གཅིག་བྱས་ནས་བསྡད་པ་ཡིན། འོན་ཀྱང་ལོ་དེ་དག་གི་རིང་ཁ་རྩོད་ཙམ་བྱུང་བ་ལྟ་ཅི་ཕན་ཚུན་སྣང་བར་མི་འགྲོ་བའི་དོན་རྐྱེན་གཅིག་ཀྱང་བྱུང་མྱོང་མེད་པ་འདིའང་མི་གཤིས་བཟང་བ་དང་གཤིབས་བདེ་བ་སོགས་ཁོང་གི་བཟང་སྤྱོད་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
ནོར་གླིང་གི་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་ལ་མཚོན་ན་བོད་ནས་གསར་འབྱོར་བ་སློབ་གྲྭ་ནས་ཐོན་ཟིན་པ་ཤེས་ཡོན་ཡོད་མེད་ཚང་མ་ལ་བཀའ་དྲིན་ཧ་ཅང་ཆེན་པོ་ཞིག་ཡིན་པ་ལྟར་ངེད་གཉིས་ལའང་བཀའ་དྲིན་ཆེན་པོ་ཡིན། ནོར་གླིང་ཞིབ་འཇུག་སྡེ་ཚན་དུ་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་ཚུལ་ཁྲིམས་ཟླ་བ་ལ་མཚོན་ན་དྲང་བདེན་དང་ལས་འབྲས་ཚུལ་བཞིན་སྲུང་མཁན། ཆོལ་ཁ་དང་ཆོལ་ལུགས་ཀྱི་རྩོད་རྙོག་ལ་དོ་སྣང་བྱེད་རྒྱུར་མི་དགའ་ཞིང་ཡིག་ཚང་གི་ལས་དུས་ཚང་མར་རང་ནུས་གང་ཡོད་ཁ་ཞེ་གཉིས་མེད་ཀྱིས་ཞབས་ཞུ་སྒྲུབ་མཁན་གྱི་ལས་བྱེད་ཆེས་ཡག་ཤོས་དེ་ཡིན། འོན་ཀྱང་ང་ལ་མཚོན་ན་ནོར་གླིང་དུ་བསྡད་པའི་རིང་ལས་ཀའི་དུས་ཚོད་ལ་རྩེད་མོ་རྩེ་རུ་སོང་བ་དང༌། ལས་བྱེད་གཞན་དང་རྩོད་རྒྱག་པ། ཡིག་ཚང་དུ་བསྡད་ཡོད་ཀྱང་ལས་ཀའི་ཐོག་ཏུ་སེམས་པ་མ་གནས་པར་དོན་མེད་ཀྱི་ཁ་བརྡ་གློད་ནས་བསྡད་པ་སོགས་ལ་བརྟེན་ཡིག་ཚང་དུ་སྡོད་སྐབས་དེ་ཙམ་དོ་སྣང་མ་བྱུང་ཡང༌། བདུན་ཕྲག་གཅིག་དང་ཟླ་བ་གཅིག ལོ་གཅིག་གི་རྗེས་སུ་ང་རང་གི་ལས་ཀའི་གྲུབ་འབྲས་ལ་ཕྱིར་བསམ་བློ་བཏང་དུས་ལྟོས་ས་ལྟོས་འཇོག་གིས་འགྲིག་ཙམ་ཡོད་ཀྱང༌། སྤྱི་ཡོངས་ཀྱི་ཆ་ནས་བསམ་བློ་བཏང་དུས་སྦྱིན་བདག་གི་འགྲོ་སོང་འཕྲོ་བརླག་དང༌། རང་མགོ་རང་གིས་བསྐོར་བ་ལས་མ་འདས་པས་བློ་ཕམ་ཆེན་པོ་སྐྱེས་པ་དང་སོ་སོ་རང་གིས་འགན་ཁུར་ནས་ལས་འཆར་ཞིག་བརྩམས། སློབ་སྦྱོང་ཏོག་ཙམ་ཤེས་པ་དེས་མི་རིགས་དང་རིག་གཞུང་ལ་ཞབས་འདེགས་ཁ་ཞེ་གཉིས་མེད་ཅིག་བསྒྲུབས་མ་ཐུབ་ན། མ་འོངས་པར་འགྱོད་པ་ཁོ་ནས་མི་ཚེ་རྫོགས་རྒྱུ་ལས་མི་འདུག་སྙམ་པའི་ཚོར་སྣང་ཤུགས་ཆེན་པོ་ཞིག་ང་ལ་ཡོད་པ་དེ་ཚོ་ངས་ཁོང་ལ་ནམ་རྒྱུན་བརྗོད་བཞིན་ཡོད་པ་མ་ཟད། ང་ཚོས་ལས་འཆར་གསར་པ་འདི་དང་འདི་འདྲ་ཞིག་རྩོམ་ཐུབ་ན་ཞེས་བརྗོད་པའི་ཚེ་ཁོང་ལའང་འདོད་མོས་ཆེན་པོ་འདུག ཁོང་ལ་ཉམས་མྱོང་དང་ཤེས་ཡོན་གློག་ཀླད་སྐོར་གྱི་ལག་རྩལ་དང་རྒྱུས་མྱོང་ཡོད་སྟབས་ཁོང་ལྟ་བུའི་ལས་གྲོགས་ཤིག་ཡོད་ན་དཀའ་ངལ་དེ་ཙམ་མི་འདུག་སྙམ་པའི་སྤོབས་པ་འདུག གཞན་ཡང་དེའི་སྐོར་གྱི་ལས་དོན་ཆེད་བློ་སེམས་མཐུན་པའི་ཤེས་ཡོན་ཅན་མང་པོ་དང་བསམ་བློ་བརྗེ་རེས་བྱས་ཚེ་རིག་གཞུང་དང་འབྲེལ་བའི་ཚོགས་པ་ཞིག་དང་ལས་འཆར་གྱི་ནང་ནས་ཐོག་མ་བོད་ཡིག་གི་གསར་ཤོག་ཅིག་འདོན་དགོས་པའི་བསམ་ཚུལ་གཅིག་མཐུན་ཡོང་གི་འདུག དེའི་ནང་ནས་ཉིན་གཅིག་དེང་སྐབས་ཨ་རིར་ཡོད་པ་འདི་གའི་ཚོགས་མི་ཀརྨ་གྲགས་པ་ལགས་ཀྱིས་<<བོད་ཀྱི་བང་ཆེན་>>ཞེས་དབུ་མེད་ཀྱི་ཡིག་གཟུགས་ཆེན་པོ་ཞིག་བྲིས་ནས་ནོར་གླིང་དུ་སླེབས་སོང༌། ཁོང་གིས་”ང་ཚོས་བཤད་བསྡད་པ་ལས། ལས་འཆར་ཞིག་བཟོས་ན་”ཞེས་སེམས་ཚོར་ཆེན་པོས་བརྗོད་པ་དང་ཁོང་དང་ཚུལ་ཁྲིམས་ཟླ་བ་ང་ཚོ་གསུམ་གྱིས་གྲོས་མོལ་ཐོག་བོད་ཀྱི་བང་ཆེན་གྱི་ལས་འཆར་དེ་བཟོས་ཀྱང༌། ངའི་སེམས་ནང་དུ་ཡོད་པའི་རིག་གཞུང་ཚོགས་པ་དེའི་ལས་འཆར་ད་དུང་བཟོས་མེད། གསར་ཤོག་གི་ལས་འཆར་དེ་བཟུང་ནས་ངའི་གྲོགས་པོ་འབའ་བ་སྐལ་བཟང་རྒྱལ་མཚན་དང་གཞན་ཡང་འབྲེལ་ཡོད་ཁ་ཤས་ཀྱི་ས་རུ་སོང་ནས་དེའི་སྐོར་གྱི་བསམ་ཚུལ་གྲོས་བསྡུར་ཐོག་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་ལས་འཆར་བཟོས་ནས་དབྱིན་ཡིག་དང་རྒྱ་ཡིག་ཏུ་བསྒྱུར། སྐབས་དེ་དུས་གྲ་སྒྲིག་ཚོགས་མི་གཞན་གཉིས་ང་ཚོའི་ཁོངས་སུ་སྐད་བཏང་བ་ལྟར་ཞུགས། དེ་ནས་ཉིན་ཤས་རིང་མཐོ་རིམ་དཔོན་རིགས་དང་ཉམས་མྱོང་ཅན་མང་པོ་ཞིག་ལ་བཅར་སྐབས་ཐོག་མ་བཅར་ཡུལ་དེས་”ཡག་པོ་ཞེ་དྲག་འདུག ངས་ཁྱོད་ཚོར་༢༠༠༣ ལོའི་ཕྱི་ཟླ་༣ པ་ཚུན་ཆད་ལ་སྒོར་འབུམ་གཅིག་སྤྲད། ད་དུང་འབུམ་གཉིས་སམ་གསུམ་ཡང་ཐབས་ཤེས་ཡོང་སྲིད་པ་ཞིག་རེད་”ཅེས་སོགས་ཕན་ཚུན་རྒྱུན་རིང་གླེང་མོ་བྱས་པ་བརྒྱུད། མི་འདི་དང་འདི་སློབ་སྟོན་པ་བྱས་ན་ཡག་པོ་ཡོད་པ་དང༌། མི་འདི་དང་འདི་ཡག་པོ་མེད་པ་སོགས་ཀྱང་ཆུ་རྒྱུག་པ་ལྟར་མང་པོ་ཞིག་གསུངས་སོང༌། སྐབས་དེ་དུས་༢༠༠༢ ཕྱི་ཟླ་༡༡ ཚེས་ཤར་རེད། ང་ལ་མཚོན་ན་ཉིན་དེ་མ་གཏོགས་ཁོང་ལ་བཀའ་མོལ་ཞུ་མྱོང་མེད་པར་མ་ཟད། ངའི་རོགས་པ་གཞན་དག་ཚོ་ཡང་གཅིག་མཚུངས་རེད་འདུག་མོད། ཁོང་གིས་ང་ཚོ་ལ་ཡིད་ཆེས་གནང་ནས་སྒོར་འབུམ་གཅིག་གནང་རྒྱུའི་ཞལ་བཞེས་གནང་བར་བརྟེན་སྐུལ་ལྕག་ཐེབས་བྱུང༌། བཀའ་བློན་ཁྲི་པ་མཆོག་ལ་བཅར་རྒྱུའི་ཐབས་ཤེས་ཆེད་ལས་དྲུང་བརྒྱུད་ལས་འཆར་དང་སྙན་ཞུ་ཞིག་ཕུལ་བ་ཡིན་ཡང་སྐབས་དེར་གོ་སྐབས་མ་ཐོབ། གཞན་ཡང་རེ་ཟུང་གིས་ལས་འཆར་ལེགས་བཅོས་ལ་སྨན་པའི་དགོངས་འཆར་གནང་མཁན་ཡང་བྱུང༌། བདེ་སྲུང་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་གི་མདུན་དུ་གུས་དང་སྐལ་བཟང་རྒྱལ་མཚན་གཉིས་བཅར་ནས་ང་ཚོའི་དམིགས་ཡུལ་རྣམས་ཆ་ཚང་རིམ་བཞིན་ཞུས་སྐབས་ཐོག་མ་ཁོང་གི་དགོངས་ཚུལ་གསུངས་པ་དེ་ཚོ་ལ་གཞིགས་ན་ང་ཚོའི་དམིགས་ཡུལ་གཅིག་པ་ཡིན་པ་ཧ་ཅང་གསལ་པོ་རེད། ཁོང་གིས་གང་ཐུབ་ཇི་ནུས་ཀྱིས་རོགས་རམ་གནང་རྒྱུ་དང༌། ང་ཚོས་ཀྱང་ལེགས་སྤེལ་ཉེས་འགོག་གི་སློབ་སྟོན་པ་གནང་རོགས་ཞེས་ཞུས་པ་ལྟར་གནང་རྒྱུའི་ཞལ་བཞེས་གཙང་མ་ཐོབ། གང་ལྟར་ཉིན་ཤས་ཀྱི་རྗེས་སུ་ང་ནོར་གླིང་ནས་རྩ་དགོངས་ཞུ་རྒྱུ་དང༌། དེ་ནས་ཟླ་གཉིས་ཀྱི་རྗེས་སུ་ཚུལ་ཁྲིམས་ཟླ་བ་རྩ་དགོངས་ཞུ་རྒྱུ་བཅས་ཐག་གཅོད་བྱས། སྐབས་དེ་དུས་ང་ཚོའི་ལས་འཆར་དེའི་ཆེད་དུ་ཧིན་སྒོར་གཅིག་ཙམ་ཡང་འགྲོ་སོང་གཏོང་རྒྱུ་མེད་ཀྱང་ཧམ་པ་དང་སྤོབས་པའི་ཐོག་ནས་དགོངས་པ་ཞུས་པ་ཡིན། ༢༠༠༣ ལོའི་ཕྱི་ཟླ་༢ ཚེས་༡ ཉིན་ཡིག་ཚང་གི་ཁང་པ་ཞིག་གླས་པ་དང་ཚུལ་ཁྲིམས་ཟླ་བ་ཡང་ནོར་གླིང་ནས་རྩ་དགོངས་ཞུས། སྐབས་དེ་དུས་ངའི་ཚོར་སྣང་ལ་ང་ཚོའི་ལས་འཆར་འདི་ལ་མདུན་ལམ་ག་འདྲ་ཞིག་ཡོད་མེད་ཚོད་ཐིག་དཀའ་བ་དང༌། ཁོང་ལ་མཚོན་ན་ནོར་གླིང་དུ་གླ་ཆ་དང་ལས་ཤག་གི་མཐུན་རྐྱེན་ཆ་ཚང་ཡོད་པ་བློས་དོར་ནས་ཡོང་བ་དེས་ང་ལ་སེམས་འགུལ་ཚད་མེད་ཐེབས། སྐབས་དེ་དུས་ཀྱི་འགྲོ་གྲོན་སྐུ་ངོ་པདྨ་ཆོས་འབྱོར་མཆོག་གིས་ཐབས་ཤེས་གནང་བ་བརྒྱུད་གནས་སྐབས་ལས་འགོ་འཛུགས་ཐུབ་ཙམ་དང༌། ངེད་གཉིས་ཀྱིས་ཡིག་ཚང་ནང་ནས་ལས་ཀ་བྱེད་རྒྱུ་དང༌། གྲ་སྒྲིག་ཚོགས་མི་གཞན་གཉིས་ཀྱིས་ཕྱི་ནས་རོགས་པ་བྱས་ཏེ་ཕྱི་ཟླ་༤ པའི་ནང་གསར་ཤོག་འདོན་ཐུབ་པ་བྱེད་རྒྱུ་བྱས་པ་ཡིན། ང་ཚོས་གསར་ཤོག་རྐང་གཅིག་བཏོན་མེད་ཀྱང་བར་དེར་དྷ་རམ་ས་ལའི་སྤྱི་ཚོགས་ནང་སྲིད་དོན་འཁྲབ་སྟོན་པ་མང་པོ་ཞིག་གིས་ཡར་མར་དཀྲོག་གཏམ་སྤེལ་ནས་ང་ཚོའི་ལས་དོན་ལ་ཅུང་ཙམ་རོགས་པ་བྱས་མི་ཡོང་ངམ་བསམ་པ་ཆ་ཚང་ལ་ཁ་པར་བརྒྱུད་ནས་དང་དངོས་སུ་ཐུག་ནས་ཁོང་ཚོས་ལས་དོན་སྡུག་ཅག་འདི་དང་འདི་ལྟ་བུ་རྩོམ་རྒྱུ་ཡིན་ལུགས་དང༌། དམིགས་ཡུལ་ངན་པ་འདི་དང་འདི་ལྟ་བུ་ཡོད་ཚུལ། རྒྱབ་ལོགས་སུ་མི་སྣ་འདི་དང་འདི་ཡོད་ཚུལ་སོགས་ང་ཚོའི་སེམས་ལ་ཡང་འཁོར་མ་མྱོང་བ་འབའ་ཞིག་གཟུགས་མེད་གྲིབ་བཟོ་བྱས་ནས་བཤད་དེ་གསང་འཕྲུལ་གྱི་ཐག་པ་འཐེན་འགོ་ཚུགས་སོང༌། མི་དེ་དག་གི་ནང་དུ་བཀའ་ཟུར་གྱི་མིང་འཛིན་པ་དང༌། བླ་སྤྲུལ་གྱི་མིང་ཐོགས་པ་རེ་ཟུང་གིས་གཙོ་བོ་བྱས་ནས་ཧ་ཅང་གཟབ་ནན་སྒོས་ཐེ་བྱུས་གནང་མཁན་བྱུང་སོང༌། ང་ཚོའི་གསར་ཤོག་འདོན་ཐེངས་དང་པོ་འདོན་རྒྱུ་ལ་ཉིན་དྲུག་བདུན་ཞིག་ལས་མེད་པའི་སྐབས་གྲ་སྒྲིག་ཚོགས་མིའི་ཁོངས་སུ་ཡོད་ཅིང་ཕྱི་ལོགས་ནས་ལས་ཀ་བྱེད་མཁན་གཅིག་གིས་ཁ་པར་བཏང་ནས་དགོངས་པ་ཞུས་སོང༌། དེ་ནས་ཆུ་ཚོད་ཕྱེད་ཙམ་གྱི་རྗེས་སུ་ཡང་གྲ་སྒྲིག་ཚོགས་མི་གཞན་དེས་ཀྱང་ཁ་པར་བཏང་ནས་དགོངས་པ་ཞུས་སོང༌། ང་ལ་མཚོན་ན་དཔལ་འབྱོར་གྱི་མཐུན་རྐྱེན་མེད་པས་ལས་དོན་འདི་ཉིད་དཀའ་ངལ་ཅན་ཞིག་ཡིན་པ་སྔོན་མ་ནས་ཚོད་དཔག་དང་དེ་ལ་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཡོད། ཁོང་གཉིས་ལ་མཚོན་ན་དཔལ་འབྱོར་གྱི་གནས་སྟངས་ལ་བརྟེན་ང་ཚོའི་ལས་འཆར་གྱི་མདུན་ལམ་རྒྱ་ཆུང་བ་སོགས་ཕྱོགས་མང་པོ་ནས་ཐུགས་ཁག་མི་འདུག་བསམ་པ་སེམས་གཏིང་ནས་དྲན་སོང༌། ཕྱོགས་གཞན་ཞིག་ནས་དྷ་སའི་སྐབས་འཚོལ་རིང་ལུགས་པ་རྣམས་ལ་གོ་སྐབས་གསར་པ་ཞིག་རྙེད་པ་དང༌། སྐབས་དེ་དུས་གནད་ཡོད་མི་སྣ་མང་པོ་ཞིག་ལ་ང་ཚོའི་ལས་དོན་སྐོར་དོགས་པ་ཆེན་པོ་ཡོད་པ་ཤེས་ཚོར་ཡོད་ཀྱང༌། ང་ཚོས་ལས་དོན་ཡག་སྡུག་ག་རེ་བྱེད་མིན་གསར་ཤོག་རང་ལས་མཐོང་ཐུབ་པ་ཞིག་ཡིན་པས་སུ་གཅིག་ལ་གསལ་བཤད་བྱེད་འདོད་མ་བྱུང་བར་མུ་མཐུད་ལས་དོན་རང་ལ་འབད་བརྩོན་བྱས་པ་ཡིན། གོང་དུ་བཤད་པའི་སྒོར་འབུམ་གཉིས་གསུམ་གྱི་རེ་བ་ཕར་ཞོག་འབུམ་གཅིག་དེར་ཡང་གོ་ཐོས་གང་ཡང་མེད་པར་གྱུར་པ་དང༌། རོགས་ཚོགས་གཞན་དག་ནས་ཀྱང་རོགས་པ་རྐང་གཅིག་རག་གི་མི་འདུག ལས་དོན་འགོ་འཛུགས་བྱས་ཟིན་ཙམ་ནས་དངོས་སུ་གནོན་ཤུགས་སྤྲོད་མཁན་ཡང་གཅིག་མཇུག་གཉིས་མཐུད་དུ་བྱུང་སོང༌། གང་ལྟར་དྷ་སའི་སྲིད་དོན་པ་ཚོའི་གཡོ་འཕྲུལ་ལ་སེམས་གཏིང་ནས་ཁོ་ཐག་ཆད་ཀྱང༌། ངའི་ཆོད་སེམས་དང་དམིགས་ཡུལ་ལ་འགྱུར་བ་གཏོང་མི་ཐུབ་པར་ང་རང་ལ་ཡིད་ཆེས་གཙང་མ་ཡོད། ང་ལ་སེམས་ཁྲལ་ཆེ་ཤོས་དེ་ངའི་རོགས་པ་ཚུལ་ཁྲིམས་ཟླ་བའི་སེམས་ལ་ག་རེ་དྲན་གྱི་ཡོད་མེད་དེ་རེད། འོན་ཀྱང་ཁོང་ལ་མཚོན་ན་ང་ལས་ཀྱང་སེམས་ཤུགས་ཆེ་བར་མ་ཟད། བློ་སྤོབས་དང་རེ་བས་ཁེངས་པའི་རྣམ་འགྱུར་དེ་ཚོ་མཐོང་དུས་ང་ལ་དགའ་སྤྲོ་ཆེན་པོ་འདུག ངེད་གཉིས་ལ་མཚོན་ན་སློབ་སྦྱོང་གི་ཆུ་ཚད་འགྲིག་ཙམ་རེ་ཡོད་ཀྱང་གསར་ཤོག་གི་ལས་ཀར་ཉམས་མྱོང་ཆེན་པོ་མེད་པས་དུས་འགོར་ཆེ་བ་དང་སྐབས་དེ་དུས་ཉིན་བཅོ་ལྔའི་གསར་ཤོག་ཡིན་ཡང་ངེད་གཉིས་ཀྱིས་མཚན་ཆུ་ཚོད་༡༢ དང༌། དང་པོའི་བར་དུ་ལས་ཀ་བྱེད་དགོས་ཀྱི་ཡོད། ཀརྨ་གྲགས་པས་དྭང་བླངས་ཀྱི་ཐོག་ནས་རོགས་རམ་གང་ཐུབ་ཇི་ནུས་བྱེད་ཀྱི་ཡོད་ཀྱང་ཁོང་སྐབས་དེར་ཊི་བྷིས་ནད་པ་རེད། ང་ཚོས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐད་ཡིག་རྒྱུན་འཛིན་དར་སྤེལ་ཡོང་ཆེད་དང༌། བོད་ཀྱི་འདས་དང་ད་ལྟའི་དངོས་ཡོད་བདེན་པའི་གནས་སྟངས་འཛམ་གླིང་སྤྱི་དང་བྱེ་བྲག་བོད་གཞིས་བྱེས་གཉིས་ཀྱི་གཞོན་སྐྱེས་ཚོས་ཤེས་རྟོགས་ཡོང་ཐབས། ཕྱིའི་རིག་གནས་ནང་འདྲེན་དང༌། བོད་རིགས་གཞི་རིམ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། འཕྲོད་བསྟེན་དང་ཁོར་ཡུག་སོགས་ཀྱི་གོ་རྟོགས་སྤེལ་ཐབས་བྱ་རྒྱུ་བཅས་སྔོན་མ་ནས་ང་ཚོའི་དམིགས་ཡུལ་ཡིན་ལ། ད་ལྟའང་ཡིན། མ་འོངས་པར་ཡང་དེ་ལས་རྒྱབ་འགལ་དུ་སོང་ན་ང་ཚོའི་དམིགས་ཡུལ་མ་འགྲུབ་པ་རེད༌། རིམ་པས་ལས་བྱེད་གསར་པ་རེ་ཟུང་བླངས་པ་དང༌། གཙོ་ཆེར་ང་ཚོའི་ཚོགས་མི་ངག་དབང་རབ་རྒྱས་ཀྱིས་འགྲོ་གྲོན་སྒེར་གཏོང་ཐོག་ས་གནས་རེ་ཟུང་དུ་སོང་ནས་གསར་ཤོག་མངགས་ཉོ་དང་ཞལ་འདེབས་བསྡུ་སློང་བྱས་ནས་ང་ཚོའི་ལས་དོན་མཚམས་འཇོག་མི་དགོས་པའི་འབད་བརྩོན་བྱས་པ་རེད། འོན་ཀྱང་ཁོང་ལ་”གསར་ཤོག་འདོན་མཁན་དེ་ཚོ་ཡག་པོ་མ་རེད། སྔོན་མ་གསར་ཤོག་འདི་དང་འདི་མངགས་ཉོ་བྱས་ནས་སྒོར་མོ་སྤྲད་ཟིན་ཀྱང་གསར་ཤོག་རྐང་གཅིག་མ་འབྱོར་བས་མངགས་ཉོ་བྱེད་རྒྱུ་མིན་”ཞེས་ཁ་རྡུང་གཏོང་མཁན་ཡང་མང་པོ་བྱུང་འདུག དེ་ནས་རིམ་པས་ལོ་གཅིག་དང་གཉིས། ད་བར་ལོ་གསུམ་སླེབས་ལ་ཉེ་བ་རེད། ང་ཚོའི་སློབ་སྟོན་པ་སྐུ་ངོ་པདྨ་ཆོས་འབྱོར་མཆོག་དང༌། མཁས་དབང་བློ་བཟང་སེང་གེ་གཉིས་ཀྱིས་སྔ་ཕྱིར་རོགས་རམ་གནང་བ་བརྒྱུད་ད་བར་མཚམས་འཇོག་བྱེད་དགོས་མ་བྱུང་བ་རེད་ལ། གསར་ཤོག་ཀྱང་ཉིན་བཅུའི་གསར་ཤོག་ཅིག་ལ་བསྒྱུར་བ་རེད། གཞན་པའི་ལས་དོན་ཀྱང་ལྟོས་ས་ལྟོས་འཇོག་གིས་བསྒྲུབས་ཡོད་སྙམ་པ་དྲན་གྱི་འདུག་ལ། འབའ་བ་སྐལ་བཟང་རྒྱལ་མཚན་སུད་སི་རུ་ང་ཚོའི་ལས་དོན་ཆེད་སོང་ནས་ཀྱང་གནས་སྐབས་འགྲོ་སོང་ལ་ཕན་ཐོགས་གང་འཚམས་བྱུང༌། ཉེ་བའི་ཟླ་ཤས་སྔོན་ཚུལ་ཁྲིམས་ཟླ་བས་”དེང་སྐབས་ང་ཚོའི་ལས་དོན་སྔོན་མ་དང་མི་འདྲ་བར་ལམ་སློང་གང་འཚམ་ཡོད་པར་བརྟེན་ཕྱོགས་མང་པོ་ནས་དེ་ཙམ་སེམས་ཁྲལ་མི་འདུག ངའི་སྐྱེས་དམན་ཡོ་རོབ་ཏུ་ཡོད་པ་དང་ངས་བུ་ཕྲུག་ཆུང་ཆུང་ཞིག་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་པས་ནང་མི་ལྷན་འཛོམས་ཆེད་ལས་གནས་ནས་དགོངས་པ་གནང་རོགས་”ཞེས་གསུངས་པའི་ཚེ་དལ་ཅིག་ལ་ངས་ལན་གང་ཡང་བཏབ་མེད། ང་ལ་མཚོན་ན་ཁོང་ལྟ་བུའི་མི་ཡིད་ཆེས་བློས་གཏད་བྱེད་ཆོག་པ་དང༌། སྡུག་དཀའ་ལས་མྱོང་ཡང་སེམས་ཤུགས་མི་ཆག་པ། ཤེས་ཡོན་ཡོད་པ། ཁ་ཞེ་མངོན་ལྐོག་མེད་ཅིང༌། རང་བཞིན་དྲང་བའི་གྲོགས་པོ་ཡག་པོ་ཞིག་དང༌། ལས་རོགས་ཡག་པོ་ཁོང་ལྟ་བུ་ཞིག་ད་ལྟའི་དུས་འདིར་རྙེད་དཀའ་བས་དལ་ཅིག་ལ་ངས་ལན་མ་བཏབ་པ་དེར་ཡང་རྒྱུ་མཚན་ཆེན་པོ་ཡོད། ཞིབ་ཏུ་བསམ་བློ་བཏང་དུས་ཁོང་གི་བཟའ་ཟླ་དེ་ཁོང་དང༌། ཤ་ལས་ཆད་པའི་བུ་ཕྲུག་དང་ཁ་བྲལ་ནས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཞིག་ཏུ་གཅིག་པུར་བསྡད་ཡོད་སྟབས་ཁོང་ཚོའི་མི་ཚེའི་མདུན་ལམ་ལ་བསམ་བློ་མི་གཏོང་ཀ་མེད་ཡིན་པར་བརྟེན་ངས་”ཡིན་ད་ཡིན་”ཞེས་ལན་བཏབ་པ་ཡིན། རྗེས་ནས་ཁོང་གིས་འགན་འཛིན་ལྷན་ཚོགས་དང་ལས་བྱེད་ཚང་འཛོམས་སར་”ད་ལྟ་ལ་མ་ཐུག་གི་བར་དུ་ང་ཚོ་ཚང་མས་གཟའ་ཉི་མའི་གུང་སེང་ཙམ་ཡང་གཏོང་མྱོང་མེད་ཅེས་བརྗོད་ཆོག་པ་ཞིག་ཧུར་ཐག་བྱས་པ་རེད། ལས་དོན་ལ་གྲུབ་འབྲས་ཀྱང་ཐོན་ཡོད། ང་ནང་མི་ལྷན་འཛོམས་ཆེད་རྩ་དགོངས་ཞུ་དགོས་ཐུག་ཀྱང་མ་འོངས་པར་ཡང་རང་ནུས་གང་ཡོད་ཀྱིས་གཞོགས་འདེགས་བྱེད་རྒྱུ་ཡིན། ཚང་མས་མུ་མཐུད་ང་ཚོའི་དམིགས་ཡུལ་གཞིར་བཟུང་ལས་ཀ་བྱེད་དགོས་པ་རེད་”ཅེས་བརྗོད་པའི་ཚེ་ངའི་སེམས་ལ་དངོས་བདེན་རེད། འདས་པའི་ལོ་གསུམ་ཙམ་གྱི་རིང་གཟའ་སྤེན་པ་གཉིས་པ་དང་བཞི་པའི་གུང་སེང་ལྟ་ཅི་གཟའ་ཉི་མ་ཡང་ཕལ་མོ་ཆེར་གུང་སེང་མ་བཏང་བའི་གནས་ཚུལ་དང་ང་ཚོ་ལས་བྱེད་ཚང་མས་ཉིན་མཚན་ལྟོས་མེད་ཀྱིས་ལས་དོན་ལ་ཧུར་བརྩོན་བྱས་པ་དེ་ཚོ་སེམས་ལ་དྲན་དུས་རང་ངོས་ནས་འགྲིགས་ཡོད་བསམ་པ་ཞིག་ཀྱང་སེམས་གཏིང་ནས་དྲན་སོང༌།
མཐའ་དོན་ངས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དང༌། བོད་ཀྱི་བང་ཆེན་གསར་ཁང་གི་ཚབ་ཞུས་ནས་ཁོང་གི་མ་འོངས་པའི་མི་ཚེའི་མདུན་ལམ་འོད་སྟོང་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཡང་ཞུ་བཞིན་ཡོད།།