དོན་དམ་པའི་ཤེས་ཡོན་པ་ཞིག་ཡིན་ན། རྒྱུ་མཚན་ལྡན་པ་དང༌། དངོས་ཡོད་གནས་ཚུལ་དང་མཐུན་པའི་རྣམ་དཔྱོད་དང་རིག་པའི་རྩལ་གྱིས་གཞན་ལ་འགྲན་ཟླ་དང་སྐྱོན་བརྗོད་བྱེད་པ་ལས། སྒེར་གྱི་འཁོན་འཛིན་དང་ཚོད་དཔག་རྐྱང་རྐྱང་གིས་གཏམ་ཉོག་གང་སར་སྤེལ་བ་ནི། ཤེས་ཡོན་པ་དངོས་གནས་ཤིག་མིན་པའི་རྟགས་མཚན་རེད། དེ་ལྟར་ཞིབ་ཚགས་ཀྱིས་བསམ་བློ་གཏོང་ན་དོན་དམ་པའི་ཤེས་ཡོན་པ་དང༌། རྩོམ་པ་པོ། སྙན་ངག་པ་ཞིག་ང་ཚོའི་སྤྱི་ཚོགས་སུ་རྙེད་དཀའ་བར་གྱུར་ཡོད། དེའི་རྒྱུ་མཚན་ནི་མི་གཞིའི་ཀུན་སྤྱོད་ལ་དོ་སྣང་མ་བྱས་པ་དང༌། ཁ་ཙམ་གྱི་ཤེས་ཡོན་པ་དང༌། རྩོམ་པ་པོ། སྙན་ངག་པ་ཞིག་ལས། བསམ་བློའི་སྒྲོ་འདོགས་ཆོད་པ་ཞིག་བྱེད་པའི་སྙིང་རུས་སམ་བརྩོན་འགྲུས་ཀྱིས་མི་འདང་བའི་སྐྱོན་མངོན་གསལ་དོད་པོ་ཉིན་མཚན་བར་མེད་དུ་ཡོང་གི་ཡོད་པ་ང་ཚོས་ཚོར་དགོས་པ་འདུག བསམ་ཚུལ་འདི་ནི་རང་གིས་རང་ལ་དཔེ་བྱས་ནས་ཀློག་པ་པོ་རྣམས་ལ་དྲན་སྐུལ་གྱི་ཚུལ་དུ་ཡིན་པ་ལས། སུ་ལ་ཟུར་ཟ་དང་ནག་པོ་བཟོ་འདོད་ཀྱིས་བྲིས་པ་ཞིག་མིན།