སྦེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད་སོགས་ཀྱིས་མྱང་ངན་དྲན་གསོའི་ཆེད་ལོ་གསར་མི་གཏོང་བའི་ལས་འགུལ་ཟེར་བ་དེར་ང་རང་གི་ངོས་ནས་རྒྱབ་སྐྱོར་བྱེད་འོས་སུ་མཐོང༌། ད་ལོར་ཆ་མཚོན་ན་བོད་གངས་ཅན་གྱི་ལྗོངས་དེ་ཉིད་བཙོན་ར་ཆེན་པོ་ཞིག་གི་ངང་ཚུལ་ལས་མེད་ལ། བོད་མི་ཚོར་མཚོན་ན་བཙོན་པ་རྐྱང་རྐྱང་གི་འཚོ་བ་ཞིག་བསྐྱལ་དང་སྐྱེལ་མུས་རེད། ལོ་རྗེས་མར་ཆ་བཞག་ན་བོད་ཁམས་ཡོངས་རྫོགས་རྒྱ་འོག་ཏུ་བསྡུས་པ་དང༌། ྋགོང་ས་སྐྱབས་མགོན་ཆེན་པོས་གཙོས་བོད་མི་མང་པོ་མི་འདོད་བཞིན་བཙན་བྱོལ་དུ་འབྱོར་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མྱ་ངན་དུས་དྲན་གྱི་ལོ་ཞིག་ཡིན་པ་ལས། དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་དུས་བཟང་ཞིག་གཏན་ནས་མིན། དེར་བརྟེན་བཙན་བྱོལ་ནང་ཙམ་དུ་མ་ཟད། བོད་ནང་གི་རྒྱ་ཆེའི་སྤུན་ཟླ་རྣམས་ཀྱིས་མྱ་ངན་མཚོན་བྱེད་དུ་ལོ་གསར་གྱི་དགའ་སྟོན་མི་བྱེད་པའི་ལས་འགུལ་ཞིག་སྤེལ་ཐུབ་ན་བོད་སྤྱི་པའི་རྩ་དོན་ལ་གང་ལ་གང་འཚམ་གྱི་ཕན་ཐོགས་ཡོང་ངེས་རེད། དེར་བརྟེན་རྒྱ་ཆེའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་ལས་འགུལ་དེར་རྒྱབ་སྐྱོར་དགོས་རྒྱུ་གལ་ཆེན་པོ་རེད་སྙམ།།