ཆོས་ལུགས་རིས་མེད་ཀྱི་ཞི་བདེའི་སྨོན་ལམ།
དེར་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཡེ་ཤུ་དང༌། ཧིན་དུ། ཁ་ཆེ། སིག ནང་པ་སོགས་ཆོས་ལུགས་མི་འདྲ་བ་ཁག་བཅུ་གཉིས་ཀྱི་སྐུ་ཚབ་ལས་གྲུབ་པའི་ཆོས་པ་ཁྱོན་༣༠༠ ཙམ་གྱིས་ཉེ་ཆར་མུམ་བྷེ་དང༌། ལྡི་ལི། བོད་ནང་གི་དོན་རྐྱེན་སོགས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་ཞུ་ཆེད་དང༌།དེ་བཞིན་འཛམ་གླིང་ས་ཁྱོན་ཡོངས་ལ་ཞི་བདེ་ལྷིང་འཇགས་ཡོང་བ་དང༌། སའི་གོ་ལའི་སྒང་གི་ཆོས་ལུགས་ཆེ་ཕྲ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་འགྲོ་བ་མི་གཙོས་པའི་སེམས་ཅན་ཡོངས་ལ་ཞི་བདེ་ཡུན་གནས་ཡོང་ཆེད་དུ་ཡིན་འདུག སྨོན་ལམ་ཚོགས་ཆེན་དེར་ནང་པའི་ངོས་ནས་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གི་ཨ་ཅཱར་ཡ་ཐུབ་བསྟན་བློ་ལྡན་ལགས་ཀྱིས་གཙོས་པས་འགེ་འདུན་པ་དྲུག་ཆེད་ཞུགས་གནང་ཡོད་པ་རེད།ཐོག་མ་ཉིན་དེའི་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག་གྷོ་བ་རླངས་འཁོར་འབབ་ཚུགས་ནས་སྨོན་ལམ་ཚོགས་ས་བར་དུས་ཡུན་ཆུ་ཚོད་ཕྱེད་ཙམ་རིང་ཆོས་ལུགས་ཁག་གི་སྐུ་ཚབ་དང་མི་མང་ཡོངས་ཀྱིས་སྤོས་དང་མེ་ཏོག རང་རང་གི་ཆོས་གོས་དང་ཡོ་བྱད་བསྣམས་ནས་ཞི་བའི་གོམ་བགྲོད་གནང་སོང༌། དེ་རྗེས་ཆོས་ལུགས་ཁག་གི་འཐུས་མི་རེ་ནས་སྣང་གསལ་མར་མེ་སྡོང་བུ་བཅུ་གཉིས་ཅན་ཞིག་ཡོད་པ་དེར་མེ་སྒྲོན་པ་དང་སྦྲགས་རང་རང་གི་ཆོས་ལུགས་ཀྱི་སྟོན་པའི་སྐྱབས་འགྲོ་དང་སེམས་སྐྱེད་སོགས་གསུངས་ཡོད་པ་རེད། ཆོས་ལུགས་ཀྱི་འཐུས་ཚབ་རྣམས་ཀྱིས་རང་རང་གི་ཆོས་ལུགས་དེ་འཇིག་རྟེན་འདིར་ཇི་ལྟར་བྱུང་དང་དེའི་ཕན་ནུས་དང་དགོས་པ་སོགས་ཀྱི་ཐད་ལ་འགྲེལ་བཤད་གནང་བ་དང་དེ་དག་གིས་གཅིག་མཚུངས་ཀྱི་འགྲེལ་བཤད་ཅིག་ཡོད་པ་དེ་འཛམ་གླིང་འདིར་གནས་པའི་འགྲོ་བ་སེམས་ཅན་ཡོངས་ལ་ཞི་བདེ་དང༌། རང་དབང༌། མཛའ་མཐུན་སོགས་ཡོང་བར་ཆོས་ལུགས་ཁག་གིས་ཁུར་མཉམ་ལེན་དགོས་སྐོར་གསུངས་པ་དེ་རེད་འདུག དེར་ཆེད་ཕེབས་གནང་བའི་ནང་པའི་སྐུ་ཚབ་ཨ་ཅཱར་ཡ་ཐུབ་བསྟན་བློ་ལྡན་ལགས་ཀྱིས་དེ་རིང་སའི་གོ་ལའི་ཁྱོན་གྱི་ཆོས་ཀྱི་སྤུན་གྲོགས་རྣམས་དང་ལྷན་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་སྨོན་ལམ་ཞིག་མཉམ་ཚོགས་ཀྱི་གོ་སྐབས་ཞིག་རག་པ་དེ་ང་ཚོར་དཔེ་དགའ་སྣང་ཆེན་པོ་ཞིག་དང་སེམས་ཐག་ཉེ་བ་རང་བཞིན་གྱིས་ཡོང་སོང༌། དེ་མཚུངས་དེ་རིང་གི་ཉིན་མོ་འདི་ང་ཚོ་ནང་པ་སངས་རྒྱས་པའི་ཐེག་ཆེན་ཆོས་བརྒྱུད་ཆེ་ཁག་རྣམ་བཞིའི་ཡ་གྱལ་རི་བོ་དགེ་ལུགས་པའི་བླ་མ་ཙོང་ཁ་པའི་འདས་མཆོད་དང་ཁེལ་བསྡད་ཡོད་སྟབས། ང་ཚོའི་དགོན་པ་སོ་སོར་ཞོགས་ཀ་ནས་དགོང་མོ་བར་སྨོན་ལམ་འཚོག་གི་ཡོད་པ་རེད། དེ་རིང་གོ་ལ་གཅིག་གྱུར་གི་ཆོས་གྲོགས་རྣམས་དང་ལྷན་དུ་སྨོན་ལམ་འཚོགས་རྒྱུ་བྱུང་བ་དེར་ཧ་ཅང་དགའ་བོ་བྱུང་སོང་སོགས་ཉིན་དེའི་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སོང༌། མཐར་དེར་འདུས་པའི་ཆོས་ལུགས་ཁག་གི་མི་མང་ཡོངས་ཀྱིས་མར་མེ་སྨོན་ལམ་གསུང་གྲུབ་རྗེས་བློ་གླིང་ནང་པའི་འཐུས་ཚབ་རྣམས་ཀྱིས་ཆོས་ལུགས་གཞན་གྱི་འཐུས་ཚབ་རྣམས་ལ་མཇལ་དར་བསྒྲོན་ཏེ་ཉིན་དེའི་མཛད་སྒོ་གྲོལ་སོང༌།
་ མོན་གྷོ་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།