བོད་ཀྱི་ཐུན་མོང་སྐད་གདངས།
ཟླ་འདིའི་ཚེས་༤ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་སྨོན་ལམ་བོད་ཀྱི་སྐད་གདངས་སྐོར་ལ་ཚོགས་འདུ་ཞིག་འཚོགས་ཡོད་པ་དང༌། དེར་སྐུ་མགྲོན་གཙོ་བོ་བོད་གཞུང་ཤེས་རིག་དྲུང་ཆེ་གཡུ་ཐོག་ཀརྨ་དགེ་ལེགས་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ཝ་ན་མཐོ་སློབ་དང༌། སཱ་ར་མཐོ་སློབ། མཚན་ཉིད་རིགས་ལམ་སློབ་གཉེར་ཁང༌། ནོར་གླིང་ཉམས་ཞིབ་སྡེ་ཚན། དྷ་སྟེང་བོད་ཁྱིམ། བོད་ཀྱི་དཔེ་མཛོད་ཁང་སོགས་ཀྱི་སྐུ་ཚབ་དང༌། གཞུང་སྒེར་གྱི་ཤེས་ཡོན་པ་ཁག་ཅིག་ཀྱང་མཉམ་ཞུགས་དང་བགྲོ་གླེང་གནང་ཡོད་པ་རེད། ཉིན་དེར་གཙོ་བོ་བོད་ཡིག་ཀློག་གླད་ནང་དུ་བཀོལ་སྤྱོད་བྱེད་སྟངས་དང༌། བོད་ཀྱི་སྤྱི་སྐད་ཡོང་ཐབས་སྐོར་ལ་བགྲོ་གླེང་གནང་བ་དང༌། མང་ཆེ་བས་ཡི་གེ་འབྲི་སྐབས་ཡིག་སྐད་ཁོ་ན་བེད་སྤྱོད་ཡོང་ཐབས་གཙོ་འདོན་དགོས་སྐོར་གྱི་དགོངས་ཚུལ་གསུངས་ཡོད་པ་རེད།།
