གྲྭ་པ་བཞི་བཅུ་ལས་བསྡད་མི་ཆོག་པའི་བཀའ་རྒྱ།

    ཕྱི་ཟླ་༡༢ ཚེས་༡༨ ཉིན་རྒྱ་གཞུང་ལས་དོན་རུ་ཁག་ནས་འབའ་ཐང་རྫོང་རྫོང་རྩ་ཤང་རིང་པོ་རུ་ཁག་ལྔའི་ཚོགས་འདུ་ཞིག་འདུལ་བ་གྲོང་སྡེར་བསྐོངས་ཏེ། ཚོགས་ཐོག་ཏུ་རྒྱ་གཞུང་གི་དཔོན་རིགས་ནས་ང་ཚོ་དང་ཏཱ་ལའི་རུ་ཚོགས་བར་དགྲ་ཁ་གཏད་ཀྱི་འབྲེལ་བ་དང༌། ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡིན་ལུགས་དང༌། མི་སུ་ཞིག་གིས་ཀྱང་ཏཱ་ལའི་ཁ་བྲལ་རིང་ལུགས་དང་འབྲེལ་བ་གཏན་ནས་བྱེད་མི་ཆོག ཏཱ་ལའི་འདྲ་པར་དང༌། ཏཱ་ལའི་རུ་ཚོགས་ཀྱི་བརྙན་པར་འོད་སྡེར། རྒྱ་གར་དུ་དགེ་བཤེས་གཏོང་སྒོ་བཏང་བའི་འོད་སྡེར་བཅས་ཚང་མ་གཞུང་ལ་རང་མོས་ཐོག་རྩིས་སྤྲོད་བྱས་ན་བྱ་དགའ་སྤྲོད་རྒྱུ་ཡིན་ལུགས་དང༌། གལ་སྲིད་དེ་ལྟར་མ་བྱས་ཚེ་མི་ཚང་རེ་རེ་བཞིན་སྔོག་བཤེར་བྱེད་དུས་འགྲོ་ས་གཅིག་མ་གཏོགས་མེད་པ་ཁྱོད་ཚོས་ཤེས་གསལ་རེད་བཅས་རྔམ་རྔམ་རྫིག་རྫིག་གིས་གཏམ་བཤད་སྤེལ་འདུག དེར་གྲོང་པའི་བརྒྱ་དཔོན་ཚོས་གལ་སྲིད་ཁྱབ་བསྒྲགས་ཙམ་ཡིན་ན་འོད་སྡེར་འབུལ་བར་འགན་ལེན་བྱེད་ཆོག ཁྱིམ་ཚང་རེ་རེ་བཞིན་བསྔོག་ན་ང་ཚོས་འགན་ལེན་བྱེད་མི་ཐུབ་ཅེས་ལན་འདེབས་བྱས་འདུག་ཀྱང༌། དེར་ལན་གང་ཡང་མེད་པར་ལོག་སོང་སྟབས་ཕྱིས་སུ་གནས་ཚུལ་ག་རེ་ཡོང་མིན་ལ་ཚང་མས་སེམས་འཚབ་དང་དངངས་སྐྲག་འོག་ལྷུང་ཡོད་འདུག།