ཉིས་སྟོང་བརྒྱད་ལོའི་རྒྱལ་སྤྱིའི་གནས་ཚུལ་གལ་ཆེན་ཁག་ཅིག

ཕྱི་ཟླ་གཉིས་པ། ཕྱི་ཚེས་༦ ཉིན་ཨ་རིའི་སྡོན་འགྲོའི་འོས་བསྡུའི་ནང་སྐུ་ཞབས་ཇཱོན་མེ་ཁན་ལ་སྤྱི་མཐུན་ཚོགས་པའི་འོས་མིར་ཐོབ།  ཕྱི་ཚེས་༡༨ ཉིན་སེར་བྷི་ཡ་རྒྱལ་ཁབ་འོག་གི་ཀོ་སོ་ཝོའི་གྲོས་ཚོགས་ནང་ས་གནས་དེ་ཉིད་རང་བཙན་ཡིན་པར་མང་མོས་བྱུང་ནས་སྲིད་བློན་ཧཱ་ཤིམ་ཐ་སི་མཆོག་ནས་རང་བཙན་ཡིན་པ་གསལ་བསྒྲགས་བྱས། སེར་བྷི་ཡའི་སྲིད་བློན་ཝོ་ཇི་ས་ལབ་ ཀོ་ས་ཏུ་ནི་ཁས་ཁྲིམས་མཐུན་མིན་པར་བརྗོད་ཀྱང༌། ཨ་རི་དང་དབྱིན་ཇི། འཇར་མི་ནི་སོགས་ཀྱིས་ཀོ་སོ་ཝོ་དེ་ཉིད་འཛམ་གླིང་གི་རྒྱལ་ཁབ་༡༩༥ པར་ངོས་འཛིན་ཐོབ།  ཕྱི་ཚེས་༡༩ ཉིན་ཁཱ་ས་ཐ་རོ་ཁུ་བྷ་ཡིས་སྲིད་འཛིན་བྱས་ནས་ལོ་༥༠ རྗེས་སུ་མཐར་དགོངས་པ་ཞུས་ཀྱང༌། ཁོང་གི་གཅུང་པོ་རཱ་ཨོལ་གྱིས་རྒྱུན་སྐྱོང་བྱས་ཡོད།

ཕྱི་ཟླ་གསུམ་པ། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ནས་དྲག་གནོན་འཛིན་སྐྱོང་འོག་གི་བོད་མི་སེར་སྐྱ་མི་མང་གིས་ཕྱི་ལོ་༡༩༥༩ ལོའི་བོད་མིའི་སྒེར་ལངས་དུས་དྲན་གྱི་ཉིན་མོ་སྟེ་ཕྱི་ཚེས་༡༠ ཉིན་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱུང༌། རྒྱ་ནག་གིས་བོད་དོན་དེ་རྒྱལ་ནང་གི་གནད་དོན་ཡིན་ཞེས་བརྗོད་ནས་བོད་མིའི་ཞི་རྒོལ་བ་རྣམས་མྱུར་ཏུ་དྲག་གནོན་བྱས། ཨོ་ལིམ་པིག་མ་འཚོག་གོང་གི་ཟླ་ཤས་སྔོན་ནས་རྒྱལ་སྤྱིའི་དོ་སྣང་བོད་ཕྱོགས་སུ་སླེབས། ཕྱི་ཚེས་༣༡ ཉིན་ཛིམ་བྷ་ཝི་རུ་འོས་བསྡུའི་རྙོག་འཛིང་འགོ་ཚུགས།

ཕྱི་ཟླ་བཞི་པ། ཕྱི་ཚེས་༡༠ ཉིན་བལ་ཡུལ་དུ་རྒྱལ་པོའི་རིང་ལུགས་མེད་པ་བཟོ་ཕྱིར་མང་གཙོའི་ལམ་ལུགས་ཀྱི་འོས་བསྡུ་ཐེངས་དང་པོ་བྱས། དབང་ཤུགས་མེད་པའི་རྒྱལ་པོ་དེ་དམར་ཤོག་ཚོགས་པས་ལས་སླ་པོར་ཕྱིར་འབུད་བྱས།

ཕྱི་ཟླ་ལྔ་པ། ཕྱི་ཚེས་༢ ཉིན་ནས་འབར་མའི་ནང་དྲག་རླུང་བརྒྱབ་ནས་མི་༡༤༦༠༠༠ ཙམ་གྱི་ཚེ་སྲོག་ཤོར་བ་དང༌། བརྒྱ་ཕྲག་དུ་མ་ཁྱིམ་མེད་པར་ཆགས་པའི་གནས་ཚུལ་ཐོན། ཕྱི་ཚེས་༡༢ ཉིན་རྒྱ་ནག་ཏུ་ས་ཡོམ་རིམ་པ་༧་༩ ཅན་ཞིག་བརྒྱབ་ནས་མི་གྲངས་༧༢༠༠༠ ཙམ་འདས་གྲོངས་སུ་གྱུར་བ་དང༌། དེ་ནི་རྒྱལ་སྤྱིའི་ཐོག་ས་འགུལ་ཆེ་ཤོས་ཨང་༡༩ པ་དེ་ཡིན་པ་རེད།

ཕྱི་ཟླ་དྲུག་པ། ཕྱི་ཚེས་༦ ཉིན་བྷ་རག་ཨོ་བྷ་མས་ལྕམ་ཧི་ལ་རི་ཁི་ལིན་ཊོན་དང་འགྲན་རྩོད་ཡུན་རིང་བྱས་རྗེས་མཐར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་རྒྱལ་ཁ་ཐོབ།

ཕྱི་ཟླ་བདུན་པ། ཕྱི་ཚེས་༣ ཉིན་ཀོ་ལོམ་གྷི་ཡ་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་ཁྲིད་བྷེ་ཏན་ཀོར་ཊ་དང་ཨ་རི་བ་གསུམ་སོགས་གལ་གནད་ཅན་གྱི་མི་བཅོ་ལྔ་ལོ་དྲུག་རིང་ཧཕར་ཞེས་པའི་དྲག་པོའི་ཚོགས་པ་ཞིག་གིས་བཙོན་འཇུག་བྱས་མཐར་གློད་གྲོལ་བཏང༌།

ཕྱི་ཚེས་༢༧ ཉིན་སེར་བྷི་ཡའི་འགོ་ཁྲིད་ཟུར་པ་ཀ་རཊ་ཟིག ཕྱི་ལོ་༡༩༩༠ ལོའི་ནང་བྷོ་ས་ནི་ཡའི་དམག་འཁྲུག་སྐབས་མང་ཚོགས་ཉེས་མེད་བརྒྱ་ཕྲག་དུ་མ་དམར་གསོད་བཏང་བར་ལོ་མང་འཛིན་བཟུང་བྱེད་ཐབས་བྱས་པའི་མཐར་འཇུ་བཟུང་གིས་ཁྲིམས་ལ་སྦྱར།

ཕྱི་ཟླ་བརྒྱད་པ། ཕྱི་ཚེས་༨ ཉིན་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་འཚོགས་པ་དང༌། རྒྱལ་སྤྱིའི་གསར་ལམ་ཁག་ནས་རྒྱ་ནག་ལ་སྐྱོན་འཛུགས་རྒྱ་ཆེར་བྱས། ཕྱི་ཚེས་༢༦ ཉིན་ཇོར་ཇི་ཡའི་ས་གནས་ལྷོ་ཨོ་སེ་ཊི་ཡ་དང༌། ཨབ་ ཁ་ཟི་ཡ་བར་དམག་འཁྲུག་བྱུང༌། ཨུ་རུ་སུས་དྲག་དམག་བརྒྱ་ཕྲག་མང་པོ་བཏང་ནས་ཇོར་ཇི་ཡའི་གྲོང་ཁྱེར་ཊ་བྷི་ལི་སི་དང༌། གོ་ནི་གཉིས་བཙན་བཟུང་བྱས་པ་དང༌། ས་གནས་དེ་གཉིས་རང་བཙན་ཡིན་པར་ངོས་འཛིན་བྱས་ནས་རྙོག་གྲ་ཆེ་རུ་གྱུར། པ་ཀི་སི་ཐན་གྱི་སྲིད་འཛིན་མུ་ཤའ་རབ་ལ་མི་མང་གི་ངོ་རྒོལ་ལན་མང་བྱས་པ་ལ་བརྟེན་ནས་ཚེས་༡༨ ཉིན་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང༌།

ཕྱི་ཟླ་དགུ་པ། ཕྱི་ཚེས་༢ ཉིན་ཐེ་ལན་ཌིའི་ནང་གཞུང་ལ་ངོ་རྒོལ་ཆེན་པོ་བྱུང་བ་དང༌། མཐར་དྲག་སྤྱོད་ལས་འགུལ་དུ་གྱུར་ནས་རྒྱལ་ཁབ་ཀྱིས་དཀའ་རྙོག་སེལ་བའི་ཕྱིར་ཛ་དྲག་ལ་ཐག་གཅོད་བྱས་ཤིང༌། མི་མང་ལྔ་ལྷག་འདུ་འཛོམས་མི་ཆོག་པའི་བཀའ་རྒྱ་བཏང༌། ཕྱི་ཚེས་༡༦ ཉིན་ལོ་༡༥༨ འཁོར་བའི་ཨ་རིའི་དངུལ་ཁང་གི་མ་རྩ་རྡིབས་པའི་གནས་ཚུལ་ཐོན་རྗེས་རིམ་པས་འཛམ་གླིང་གི་དཔལ་འབྱོར་ཉམ་ཆག་གི་འགོ་ཚུགས།

ཕྱི་ཟླ་བཅུ་པ། ཕྱི་ཚེས་༡༠ ཉིན་རྒྱ་ནག་གི་བཟོ་གྲྭ་ལས་ཐོན་པའི་འོ་མའི་ཐོན་རྫས་ཀྱིས་ཕྲུ་གུ་༥༤༠༠༠ སྨན་ཁང་དུ་སྐྱེལ་དགོས་བྱུང་བ་དང༌། ཕྲུ་གུ་༣༠༠༠༠༠ ལ་གནོད་སྐྱོན་ཚབས་ཆེན་ཕོག་པའི་གནས་ཚུལ་བྱུང༌། ཕྱི་ཚེས་༢ ཉིན་ཨ་རིའི་གྲོས་ཚོགས་གོང་མས་མང་མོས་ཀྱིས་ཨ་སྒོར་དུང་ཕྱུར་༧༠༠ ༠ ཐམ་པ་བཏང་ནས་རྒྱལ་སྤྱིའི་དངུལ་རྩིས་དཀའ་རྙོག་ཁྲོད་ཨ་རིའི་དངུལ་ཁང་ཆེ་ཁག་གི་དཀའ་ངལ་སེལ་ཐབས་བྱས། ཕྱི་ཚེས་༢༩ ཉིན་ཀོང་གོའི་མང་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་གོ་མཱའི་གྲོང་ཁྱེར་ཤར་ཕྱོགས་ནས་དམག་གིས་ན་ཀུན་དཱ་ལ་ཕར་རྒོལ་གྱི་དྲག་སྤྱོད་འགོ་ཚུགས་ནས་མི་མང་༣༠༠༠༠ ཙམ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་བ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་རོགས་བཏང༌།

ཕྱི་ཟླ་བཅུ་གཅིག ཕྱི་ཚེས་༥ ཉིན་མི་རིགས་ནག་པོ་ཨོ་བྷ་མར་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ། ཕྱི་ཚེས་༩ ཉིན་ཨིན་དྷོ་ནེ་ཤི་ཡའི་ནང་མི་གསུམ་འཇིགས་སྐུལ་གི་འབར་རྫས་གཡུགས་པའི་དོན་རྐྱེན་འོག་སྲོག་ཐོག་བཏང༌། ཕྱི་ཚེས་༢༦ ཉིན་རྒྱ་གར་མོམ་བྷེ་གྲོང་ཁྱེར་ནང་གི་ས་ཁུལ་ཁག་བཅུ་གཅིག་ཙམ་ལ་འཇིགས་སྐུལ་རིང་ལུགས་པས་འབར་རྫས་སྦར་བས་མི་མང་ལ་གོད་ཆག་ཆེན་པོ་བྱུང༌།

ཕྱི་ཟླ་བཅུ་གཉིས། ཕྱི་ཚེས་༢༥ ཉིན་ནས་ཀོང་གོའི་མང་གཙོའི་སྤྱི་མཐུན་རྒྱལ་ཁབ་ནང་ཨུ་གན་དཱན་གིས་ངོ་ལོག་པ་ཚོས་དྲག་པོའི་ལས་འགུལ་སྤེལ་ནས་མི་མང་༤༠༠ ལྷག་བསད་པ་དང༌། མི་མང་༢༠༠༠༠ ལྷག་རི་དང་ལ་ཀླུང་བརྒལ་ནས་ཡུལ་གྱར་དུ་ཕྱིན་པའི་གནས་ཚུལ་བྱུང༌། ཚེས་༡༠ ཉིན་ལོ་འདིའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དེ་ཧཕིན་ལིན་ཌའི་ཡུལ་གྱི་སྲིད་འཛིན་ཟུར་པ་ཨ་ཏི་ས་རི་ལ་ཕུལ་བ་དང་ཁོང་གིས་མཛད་རྗེས་གཙོ་བོ་ནི་མི་ལོ་སུམ་ཅུའི་ལྷག་གི་རིང་ལ་གླིང་ཕྲན་ཁག་ནང་ཚུན་དང་རྒྱལ་སྤྱིའི་ནང་རྩོད་རྙོག་རྣམས་ཞི་བའི་ལམ་ཁོ་ནའི་ཐོག་སེལ་བར་འབད་བརྩོན་ཆད་མེད་གནང་ཡོད་པ་རེད།