སྙིང་སྟོབས་འབུར་དུ་ཐོན་པའི་མོ་རབ་ཁྱོད། ༼ངག་དབང་ལྷ་མོ་ལ་ཕུལ་བ།༽ ན་མ་སྭ་ར་སྭ་སྟྭི་ཡཱ། ལྷོ་ཕྱོགས་སྭ་ར

དམ་པ་སངས་རྒྱས་ཐེངས་གསུམ་ཕེབས་པའི་ཞིང༌།།

ལབ་ཀྱི་སྒྲོན་མས་གྲུབ་པ་ཐོབ་པའི་ཡུལ།།

དིང་རི་ཞེས་བྱ་སྙན་པར་གྲགས་པའི་ཁམས།།

ངག་དབང་ལྷ་མོ་ལྷ་མོ་བཞིན་དུ་འཁྲུངས།།

དམར་པོའི་མེ་རླུང་ཤར་མཐའི་ཡུལ་ནས་འབར།།

ལས་དབང་སྨུག་པས་གངས་རི་བསྟིམས་པའི་སྐབས།།

དྲིན་ཅན་ཨ་མ་རྒན་མོའི་སྐུ་རྒྱབ་ནས།།

ངག་དབང་ལྷ་མོ་འཕགས་པའི་ཡུལ་དུ་འབྱོར།།

དཀའ་ལྟོགས་འཁྱགས་སྡུག་གསུམ་གྱི་ནམ་ཟླའི་ཁྲོད།།

མིག་ཆུ་སྣབ་སྟུག་ལག་པས་ཕྱིད་བཞིན་དུ།།

བཙན་བྱོལ་གཞུང་གི་སློབ་གྲྭའི་ར་བ་ནས།།

ངག་དབང་ལྷ་མོའི་ངག་སྒོ་དང་པོ་ཕྱེས།།

གཞི་རིམ་སློབ་གྲྭ་ཐོན་མ་ཐག་པ་ནས།།

མཐོ་སློབ་རིག་པའི་སྐྱེད་ཚལ་ལ་རྩེན་པས།།

འཛམ་གླིང་སྤྱི་པའི་སྐད་ཡིག་གོམས་སྲོལ་གྱིས།།

ངག་དབང་ལྷ་མོའི་ངག་སྒོ་གཉིས་པ་ཕྱེས།།

མཐོ་རིམ་སློབ་གྲྭ་ཐོན་མ་ཐག་པ་ནས།།

གཞི་རིམ་སློབ་གྲྭའི་དགེ་རྒན་ཕེབས་བྱས་ཏེ།།

ན་གཞོན་བོད་ཕྲུག་སྟོང་ཕྲག་དུ་མ་ལ།།

ངག་དབང་ལྷ་མོས་ངག་གི་དངོས་གྲུབ་གནང༌།།

ལྷག་བསམ་བཟང་པོས་སློབ་མ་སྐྱོང་སྟངས་མཁས།།

ཤེས་ཚོད་བཟང་པོས་སློབ་ཁྲིད་གནང་སྟངས་མཁས།།

ཀུན་སྤྱོད་བཟང་པོས་བསླབ་བྱ་གནང་སྟངས་མཁས།།

ངག་དབང་ལྷ་མོ་ལྷ་དང་འདྲ་ཞེས་གླེང༌།།

གནག་སྣུམ་དབུ་སྐྲ་རིང་པོས་སྐུ་རྒྱབ་ཁེབས།།

དཀར་འཇམ་ནུ་མའི་ཕོན་པོ་གྱེན་དུ་འབུར།།

ཞལ་རས་སྟོན་ཀའི་ཟླ་བའི་དཀྱིལ་འཁོར་རྒྱས།།

ངག་དབང་ལྷ་མོ་ལྷ་མོ་དངོས་འདྲར་གྱུར།།

ལྡེམ་འཁྱུུགས་གོམ་པའི་སྟངས་སྟབས་གཅིག་གིས་ཀྱང༌།།

ཕོ་གཞོན་དར་མའི་སྙིང་ལ་ན་ཟུག་སྦྱིན།།

མོ་གཞོན་བརྒྱ་ཡི་སྙིང་རླུང་སྟོད་ལ་འཚང༌།།

ངག་དབང་ལྷ་མོས་ཕོ་བརྒྱའི་སེམས་པ་དཀྲུགས།།

སྨིན་འཁྱོགས་སྤྱན་ཞགས་འཕེན་ཐེངས་གཅིག་ཉིད་ཀྱིས།།

ཤེས་འཇོན་ལྷག་བསམ་དཔའ་འཛངས་ལྡན་པའི་བུ།།

ལུས་སེམས་འཆིངས་བྱས་ཏེ།།

ངག་དབང་ལྷ་མོས་གཏན་གྱི་གྲོགས་སུ་བཀུག།

ས་གནས་བོད་ཀྱི་བུད་མེད་ཚོགས་གཙོ་དང༌།།

དབུས་རྒྱུན་བུད་མེད་ཚོགས་པའི་དྲུང་ཆེ་ཟུང༌།།

ཐེངས་གཅིག་མིན་པ་ཡང་ཡང་གནང་བྱས་པས།།

ངག་དབང་ལྷ་མོ་ལྷ་ལས་ལྷག་ཅེས་གྲགས།།

རྒྱལ་སྤྱིའི་བུད་མེད་ལོ་ཡི་འབྲེལ་མཐུད་དང༌།།

བོད་མིའི་ཞི་བའི་གོམ་བགྲོད་ཚོགས་གཞོན་སོགས།།

རླབས་ཆེན་ཕྱག་ལས་མང་པོའི་ཐུགས་འགན་བཞེས།།

ངག་དབང་ལྷ་མོའི་སྙན་གྲགས་རྒྱས་མགོ་ཚུགས།།

ཤར་ཕྱོགས་ཨོ་ལན་པིག་གི་རྩེད་འགྲན་དང༌།།

རྒྱལ་སྤྱིའི་བུད་མེད་ཚོགས་པའི་ཚོགས་ཆེན་ཐོག།

བོད་དོན་འབྲེལ་བའི་གཏམ་བཤད་ཤུགས་ཆེར་སྤེལ།།

ངག་དབང་ལྷ་མོས་རླབས་ཆེན་རྨང་གཞི་གཏིང༌།།

པེ་ཅིན་སྦི་ཨ་ནར་དང་ཕི་ལི་པིན།།

ཀ་ཡེ་རོ་སོགས་རྒྱལ་སྤྱིའི་ཚོགས་འདུའི་ནང༌།།

རྒྱ་ཡི་འཐུས་མི་ངོ་གདོང་ས་ལ་ཕབ།།

ངག་དབང་ལྷ་མོའི་མཛད་རྗེས་མཚོ་བཞིན་ཕྱུར།།

དེ་ཚེ་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཡིས།།

སྙིང་སྟོབས་དཔའ་མཛངས་ལྡན་པའི་བུད་མེད་ཅེས།།

འོས་འདོན་གྲངས་ཀ་རྩེ་ཏོག་ལ་བསྐྱལ་བས།།

ངག་ངབད་ལྷ་མོས་དབུས་གཙང་སྤྱི་འཐུས་གནང༌།།

སྤྱི་འཐུས་མིང་དང་མཚུངས་པའི་སྤྱི་དོན་སྒྲུབ།།

སྤྱི་པའི་རྩ་དོན་རང་གི་སྲོག་བཞིན་སྲུང༌།།

སྤྱི་པའི་འཐུས་མི་ཡིན་རིན་ཆོག་འདུག་ཅེས།།

ངག་དབང་ལྷ་མོ་བསྟོད་ར་གཏོང་མཁན་མང༌།།

དེ་ཕྱིར་དབུས་གཙང་ཆོས་ཀྱི་ཆོལ་ཁ་ཡིས།།

ཨ་ནས་ཡང་དང་ཡང་ནས་ཡང་ཡང་དུ།།

འོས་འདོན་རྩེ་ཏོག་བསྐྱལ་བ་མི་ཉུང་པས།།

ངག་དབང་ལྷ་མོས་སྤྱི་འཐུས་ཡང་ཡང་གནང༌།།

ཡང་ནས་ཡང་དུ་སྤྱི་འཐུས་གནང་བའི་རིང༌།།

ཡང་ནས་ཡང་དུ་སྤྱི་དོན་སྒྲུབ་པ་ལས།།

སྒེར་དོན་སྒྲུབ་པའི་ལོ་རྒྱུས་མི་ལྡན་པས།།

ངག་དབང་ལྷ་མོས་ཀུན་གྱི་རེ་བ་བསྐངས།།

མགོན་མེད་ཉམས་ཐག་དབང་པོ་སྐྱོན་ཅན་དག།

མཐོང་ཚེ་སྙིང་རྗེ་ཤུགས་ཀྱིས་མ་བཟོད་ནས།།

སྙིང་སྟོབས་གླིང་ཞེས་གྲགས་པའི་སྡེ་བཙུགས་པས།།

ངག་དབང་ལྷོའི་འགྲོ་དོན་སྔར་བས་རྒྱས།།

འཇའ་མན་གསར་ཤོག་གནམ་གྱི་མཐོངས་ཡངས་པོར།།

སྙིང་སྟོབས་ལྡན་པའི་བུ་མོ་བརྒྱ་ཡི་ནང༌།།

གང་ཁྱོད་མཚན་གྱི་སྐར་ཆེན་ཤར་བ་ནས།།

ཁྱོད་ཀྱི་མཚན་སྙན་ཕྱི་རྒྱལ་ཡུལ་དུ་འབར།།

རྒྱལ་སྤྱིའི་རོ་ཌི་རི་ཀ་ལབ་དང་ནི།།

ས་ཁུལ་སང་ཀ་ལབ་སོགས་ཚོགས་སྡེ་ཚོས།།

སྤྱི་དོན་བྱས་པ་ཅན་གྱི་གཟེངས་རྟགས་ཕུལ།།

ངག་དབང་ལྷ་མོའི་མཚན་སྙན་སྔར་ལས་རྒྱས།།

དེ་དང་དེ་འདྲའི་མཛད་རྗེས་བཞག་པ་ཀུན།།

འདི་དང་འདི་ཞེས་ཞིབ་ཆ་འབྲི་དགོས་ན།།

ཕྲ་ཞིང་ཕྲ་བ་ངས་ཀྱང་མི་ཤེས་པས།།

ངག་དབང་ལྷ་མོ་བསྟོད་མཚམས་འདི་ནས་བཞག།

ན་གཞོན་བུ་མོ་རྣམ་པ་མཛེས་རབས་དང༌།།

བརྩེ་དུང་སེམས་ཀྱི་ཚོར་བ་རྣོ་རབས་སོགས།།

བསྟོད་པའི་སྙན་ཚིག་འདྲ་མིན་བྲིས་པ་ལས།།

རླབས་ཆེན་བུད་མེད་འདི་འདྲར་བསྟོད་ན་འོས།།

དེ་ཕྱིར་བདེ་ལེགས་སྨན་ཁང་ཉལ་ཁྲིའི་ཐོག།

ཤི་གསོན་བྱེ་མའི་ལ་ཁའི་སྒོ་འགྲམ་ནས།།

ན་མིན་ཤི་མིན་བེ་རི་འཇིགས་མེད་ཀྱིས།།

ཁྱོད་ལ་བསྟོད་པའི་སྙན་ཚིག་འདི་ཉིད་བྲིས།།

༢༠༠༦།༡།༢༤།ཉིན་བདེ་ལེགས་སྨན་ཁང་དུ་བྲིས།།