ཕྱི་ཟླ་བཅུ་གཅིག་པ།

    ཕྱི་ཚེས་༢ ཉིན་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་རུ་གསར་འགོད་ལྷན་ཚོགས་ཤིག་གནང་བའི་སྐབས། ྋགོང་ས་མཆོག་གིས་དངོས་ཡོད་གནས་ཚུལ་དང་མཐུན་པ་དང༌། སྤྱིར་བཏང་བྱས་ན་ལས་ཀ་ཧུར་བརྩོན་བྱེད་མཁན་རྒྱ་ནག་མི་མང་ལ་ཡིད་ཆེས་ནམ་ཡང་བརླགས་མེད་པ་དང༌། ཉིན་ཤས་རྗེས་སུ་བོད་ནང་གི་གནས་སྟངས་བཟང་དུ་འགྲོ་བར་རེ་བ་གནང་གི་ཡོད་ཅེས་དང༌། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་བོད་ལ་དོན་དམ་པའི་རང་སྐྱོང་ལྗོངས་ཀྱི་གནས་བབ་བྱུང་ན་བོད་ལ་ཁེ་ཕན་ཡོང་རྒྱུ་ཡིན་སྐོར། མ་འོངས་པའི་བོད་ཀྱི་གནད་དོན་གྱི་ཐག་གཅོད་བྱེད་དབང་དེ་བོད་རྒྱ་ཆེའི་མི་མང་ལ་ཡོད་པ་ལས། ྋགོང་ས་མཆོག་སྐུ་སྒེར་ལ་མེད་ལུགས་དང༌། བོད་ནང་དུ་ཕྱི་དངོས་པོའི་ཡར་རྒྱས་ཕྲན་བུ་ཕྱིན་ཡོད་ན་ཡང་བོད་ནང་གི་བོད་མི་རྣམས་ནང་སེམས་ཀྱི་གནས་སྟངས་དེ་སྔར་ལས་ཞན་པ་ཡོད་སྟབས། བོད་མི་རྣམས་སྐྱིད་པོ་མེད་པ་དང་བོད་ནང་གི་དངོས་ཡོད་བདེན་པའི་གནས་ཚུལ་ངོས་འཛིན་གནང་དགོས་རྐྱེན། ད་ལྟ་བོད་ནང་གི་གནས་སྟངས་ཡར་རྒྱས་སམ་འཐུས་ཚང་མེད་པ་དེ་ཡོད་མདོག་བྱེད་ཐབས་མེད་ལ། བོད་ནང་གི་བོད་མི་རྣམས་ཀྱིས་དཀའ་སྡུག་མྱོང་བཞིན་པའི་དངོས་ཡོད་གནས་ཚུལ་ངོས་ལེན་གནང་དགོས་ཀྱང༌། ད་བར་གནང་མེད་ཅེས་དང༌། མགོན་པོ་གང་ཉིད་བོད་ཐོག་དབང་བསྒྱུར་མཁན་ཞིག་མིན་པར་བོད་མིའི་རང་དབང་ཅན་གྱི་མགྲིན་ཚབ་པ་ཞིག་ཏུ་ངོས་འཛིན་མཛད་ཀྱི་ཡོད་པ་དང༌། བོད་ཕྱི་ལ་གནས་པའི་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མིའི་སྐུ་ཚབ་གནང་དགོས་པ་དེ་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡིན་ཞེས་དང༌། ལྷག་པར་དུ་བོད་ཀྱི་གཞོན་ནུ་ཚོགས་པས་བོད་རང་བཙན་གཙང་མའི་ལངས་ཕྱོགས་འཛིན་གྱི་ཡོད་པས། ངོས་ཀྱི་ལངས་ཕྱོགས་དང་མི་འདྲ་བ་ཞིག་ཡིན་པ་དེའང་མང་གཙོའི་ལྟ་གྲུབ་ནང་དུ་ཡོང་ཆོག་པ་ཞིག་ཡིན་པའི་སྐོར། རྒྱ་ནག་སྲིད་གཞུང་མ་གཏོགས་འཛམ་གླིང་ཚང་མས་ངས་ཆིག་སྒྲིལ་གྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པའི་ཡིད་ཆེས་ཡོད་རེད་ཅེས་བཀའ་གནང་ཡོད་པ་རེད།  
    ཕྱི་ཟླ་༡༡ ཚེས་༤ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཉི་ཧོང་ལྷོ་ནུབ་གྲོང་ཁྱེར་ཕུ་ཁུའོ་ཌོར་ཆིབས་སྒྱུར་དང༌། ཀི་ཏཱ་ཁུ་ཤུ་གསར་ཁང་དུ་ཉི་ཧོང་མི་མང་རྣམས་ལ་སྙིང་རྗེའི་སྐོར་ལ་གསུང་ཆོས་བཀའ་དྲིན་གནང་རྒྱུ་ཡིན་པ་དང༌། ཕྱི་ཚེས་༥ ཉིན་བུད་མེད་ཀྱི་སློབ་གྲྭ་ཞིག་ཏུ་སློབ་ཕྲུག ༡༤༠༠ ཙམ་ལ་ན་གཞོན་ཚོའི་བསམ་བློ་འཁྱེར་ཕྱོགས་དང་འཛམ་གླིང་སྤྱིའི་འགན་འཁུར་སྟངས་སོགས་ཀྱི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག ཕྱི་ཚེས་༦ ཉིན་ཉི་ཧོང་རྒྱལ་ས་ཊོག་ཡོའི་ས་གནས་རོ་གོ་ཁུ་ཁོ་ཁུ་གི་ཁན་དུ་མི་མང་༥༠༠༠ ཙམ་ལ་ནང་ཆོས་ཀྱི་བསླབ་བྱ་གཞི་ལ་བཞག་པའི་ཐོག་ནས་ནང་བསམ་བློའི་འཁྱེར་སོ་དང་ཉི་ཧོང་གི་གནའ་རབས་གཞི་ལ་བཞག་པའི་ཐོག་ནས་དེའི་ཐོག་བསྐྱོད་ཐབས་སྐོར་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།།
དཀར་མཛེས་ཁུལ་གྱི་བོད་མི་ཁག་ཅིག་ལ་རྒྱ་གཞུང་གི་ཁྲིམས་ཆད།
    རྒྱ་གར་ལྷོ་ཕྱོགས་སེར་བྱེས་ཏྲེ་ཧོར་གྲྭ་པདྨ་ཚེ་དབང་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་དང༌། ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་ལྟར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ལྟེ་གནས་དར་རྩེ་མདོ་རུ་ཡོད་པའི་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཕྱི་ཟླ་༡༠ ཚེས་༢༩ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ནང་བསྟན་སློབ་གྲྭའི་སློབ་བུ་དཀར་མཛེས་རྫོང་ཁོངས་གདོང་ཐོག་དགོན་གྱི་གྲྭ་ཤེས་རབ་བཟང་པོ་ལ་ལོ་༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ནི་རང་ལོ་༢༦ ཡིན་པ་དང༌། ད་ལོའི་ཕྱི་ཟླ་༣ ཚེས་༢༦ ཉིན་དར་རྩེ་མདོ་རུ་རས་ཕི་ཊི་༩ ཙམ་ཡོད་པ་ཞིག་གི་ཐོག་བོད་ཀྱི་རྒྱལ་དར་བྲིས་པ་ཞིག་འཕྱར་ནས་མི་ཊར་༢༨༠ ཙམ་ལ་རྒྱུགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་མཁན་ཞིག་ཡིན་འདུག ཁོང་ལ་ཁྲིམས་གཅོད་བྱེད་དུས་ཁྱོད་རང་གི་ངོ་རྒོལ་བྱེད་དགོས་དོན་དང༌། ད་ལྟ་ག་རེ་བསམ་གྱི་ཡོད་མེད་བཅས་ཀྱི་སྐད་ཆ་དྲིས་སྐབས། ཁོང་གིས་¿ང་གྲྭ་པ་ཞིག་ཡིན། ཆུང་དུས་ནས་བཟུང་རྒྱལ་བ་རིན་པོ་ཆེ་མ་གཏོགས་བསམ་རྒྱུ་མེད་ལ། ད་ལྟ་དང་མ་འོངས་པ་སོགས་མི་ཚེ་འདིའི་ནང་དེ་ལྟར་རང་ཡིན།¿ཞེས་བཤད་ཡོད་འདུག
 ཕྱི་ཟླ་༡༠ ཚེས་༢༨ ཉིན་གསེར་རྟ་རྫོང་ནས་ཡིན་
པའི་བོད་མི་ཞིག་ལ་ལོ་༡༠ བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དངོས་བདེན་ཡིན་འདུག་ཀྱང་མི་དེའི་མིང་ད་ལྟ་ཤེས་རྟོགས་ཐུབ་མ་སོང༌། ཁོང་གཉིས་ལ་ཁྲིམས་ཐག་བཅད་སྐབས་སྔ་དྲོ་ཆུ་ཆོད་༨།༣༠ ནས་ཁྲིད་ཡོང་སྟེ་ཁྲིམས་དཔོན་སོགས་གོ་བསྡུར་བྱེད་ཀྱི་ཡོད་པའི་བཟོ་ལྟ་བསྟན་ཏེ་ཆུ་ཚོད་༡༢།༠༠ ཐོག་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས་ཡོད་འདུག
ཡང་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཕྱི་ལོ་༢༠༠༨ ཟླ་༡༠ ཚེས་༣༠ ཉིན་དཀར་མཛེས་གསེར་ཆུ་སྟེང་ནས་ཡིན་པ་དངོས་དགའ་རང་ལོ་༥༣ ཡིན་པ་ཁོང་ལ་ཁྲིམས་ཐག་ལོ་༨ དང༌། དཀར་མཛེས་གྲུ་ཁང་སྟེང་དུ་མག་པར་ཡོང་བ་ནོར་བུ་ཚེ་རིང་རང་ལོ་༤༩ ཁོང་ལ་ལོ་༧ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག ཁོང་གཉིས་སྔ་དྲོ་ཆུ་ཚོད་༩།༠༠ ཙམ་ལ་ཁྲིད་ཡོང་སྟེ་ཁྲིམས་དཔོན་སོགས་ལྟ་རྟོག་བྱེད་མཁན་མི་༢༠ ལྷག་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་ཡང༌། སྐད་བསྒྱུར་མཁན་བོད་པ་ཞིག་ལས་གཞན་རྣམས་ཕལ་ཆེར་རྒྱ་མི་ཡིན་འདུག སྐབས་དེར་ཁ་སྔོན་དཀར་མཛེས་རྫོང་དུ་རྒྱལ་ཁབ་ཁ་བྲལ་གྱི་ངོ་རྒོལ་བྱེད་དགོས་དོན་དང༌། དམིགས་ཡུལ་ཇི་ཡིན་དྲིས་སྐབས་དངོས་དགའ་ནས། ¿ང་ཚོས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་དགོས་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་མི་མང་ཙམ་མ་ཟད། སེམས་ཅན་དབུགས་ཐོག་ཚད་ཚུན་ཆད་ལ་ཞི་བདེ་དང་རང་དབང་ཐོབ་དགོས་པའི་ཞི་རྒོལ་སྐད་འབོད་བྱས་པ་དང༌། བོད་ཀྱི་རྩ་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་བྱས་པ་ལས། མེ་སྲེག་བཏང་བ་དང༌། སྤྱི་ཚོགས་ལ་གཏོར་བཤིག་བཏང་བ་སོགས་ཀྱི་ནག་ཉེས་གང་ཡང་བསགས་མེད་ཀྱང༌། མི་སྤྱོད་ལས་འདས་པའི་བརྡུང་རྡེག་དང་དྲག་གནོན་བཏང་བར་བརྟེན། ང་རང་བཙོན་ཁང་དུ་སླེབས་ནས་དུས་ཚོད་རིང་པོ་ཞིག་སོང་རྗེས་མ་གཏོགས་ཤི་གསོན་གྱི་ཚོར་བ་ཅི་ཡང་མེད་པར་གྱུར་འདུག¿ཅེས་བཤད་པ་དང༌། ནོར་བུ་ཚེ་རིང་གིས་ཀྱང་གོང་དང་འདྲ་མཚུངས་བཤད་ཡོད་འདུག སྐབས་དེར་ཁྲིམས་ཁང་གི་ཕྱི་ལོགས་སུ་རྒྱ་དམག་གིས་བསྐོར་ཏེ་དམ་དྲག་ཆེན་པོ་བྱེད་བཞིན་པ་དང༌། ཆུ་ཚོད་༡༢།༠༠ ཐོག་ཁྲིམས་ཐག་བཅད་པའི་ཁྱབ་བསྒྲགས་བྱས་ཡོད་འདུག ཁྲིམས་གཅོད་སྐབས་གོང་རིམ་ནས་བཀའ་ཇི་བཏང་ལས་དངོས་ཡོད་གནས་ཚུལ་ཞུ་སའི་གོ་སྐབས་གང་ཡང་ཐོབ་ཡོད་མི་འདུག དངོས་དགའ་ནི་དཀར་མཛེས་རྫོང་ཁོངས་ནས་མི་ཚང་མས་བློ་གཏོད་ས་དང༌། ཆ་འཇོག་བྱེད་ཡུལ། ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་ཡིན་པ་མ་ཟད། དུས་རྒྱུན་ཟ་ཉལ་འགྲོ་འདུག་གང་ལའང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་དད་དམ་འགྱུར་བ་མེད་པ་ཞིག་ཡིན་འདུག ཁོང་ད་ལོ་ཕྱི་ཟླ་༣ ཚེས་༡༨ ཉིན་དཀར་མཛེས་རྫོང་དུ་ཞི་རྒོལ་གནང་སྐབས་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཡིག་ཆ་བཀྲམ་སྟེ་སྣེ་ཁྲིད་མཁན་གྲས་ཤིག་ཡིན་འདུག་པ་དང༌། ཁོང་འཛིན་བཟུང་སྐབས་རྒྱ་མིས་མེ་མདའ་བརྒྱབ་ནས་བསྒྱེལ་བ་གཞན་དག་གིས་མཐོང་ཡང་རྒྱ་གཞུང་གིས་མོ་ཊའི་ནང་དབོར་འཁྱེར་བྱས་པར་བརྟེན། དེའི་རྗེས་ནས་ཁོང་གང་དུ་ཡོད་མེད་དང་ཤི་གསོན་གང་ཡིན་སུ་གཅིག་གིས་མ་ཤེས་པར་གྲོངས་ཟིན་པར་ཆ་འཇོག་བྱས་འདུག་ལ། ཉེ་ཆར་ཁྲིམས་ཐག་གཅོད་སྐབས་མ་གཏོགས་ཁོང་གྲོངས་མེད་པ་འབྲེལ་ཡོད་སུས་ཀྱང་ཤེས་མེད་པ་རེད། ནོར་བུ་ཚེ་རིང་ཡང་ཕྱི་ཟླ་༣ ཚེས་༡༨ ཉིན་ཞི་རྒོལ་གནང་མཁན་གྲས་སུ་ཡོད་པ་ཞིག་ཡིན་འདུག ཁོང་གཉིས་ལ་ཁྲིམས་ཐག་བཅད་ཟིན་རྗེས་གལ་སྲིད་འདོད་པ་མ་ཁེངས་པའམ་ཁྲིམས་གཅོད་དྲང་པོ་མ་བྱུང་བ་ཡིན་ཚེ་ཉིན་བཅུའི་ནང་ཚུན་གོང་ཞུ་ཆོག་པའི་སྐོར་ཡང་བཤད་ཡོད་འདུག་ཀྱང༌། དེ་སྔོན་བཀག་ཉར་བྱེད་བཞིན་པའི་སྐབས་ནང་མི་གཉེན་འབྲེལ་སོགས་ལ་བདེན་དོན་ཞུ་བའི་གོ་སྐབས་སོགས་གང་ཡང་ཐོབ་མེད་པར་བརྟེན། ད་དུང་ནང་མི་གཉེན་འབྲེལ་སོགས་ནས་བདེན་དོན་ཞུས་པ་ཡིན་ཚེ་ཕན་ཐོགས་ཡོད་པར་ངོས་འཛིན་གང་ཡང་གནང་གི་ཡོད་མི་འདུག
དེ་བཞིན་དཀར་མཛེས་ཀྱི་ཚོང་པ་ཚེ་དབང་མགོན་པོའི་བུ་བློ་དགའ་རང་ལོ་༣༣ ཡིན་པ་ཁོང་ལ་ཕྱི་ཟླ་༡༠ ཚེས་༢༩ ཉིན་བྲག་མགོ་རྫོང་དུ་ལོ་གསུམ་གྱིས་ཁྲིམས་ཐག་བཅད་ཡོད་པ་དང༌། ཁོང་གིས་ལོ་འདིའི་ཕྱི་ཟླ་༣ ཚེས་༡༨ ཉིན་སྐད་འབོད་བྱས་ནས་ཟླ་དེའི་ཕྱི་ཚེས་༢༠ ཉིན་འཛིན་བཟུང་བྱས་པ་ཞིག་ཡིན་འདུག ད་ལོ་ཕྱི་ཟླ་༣ ཚེས་༡༨ ཉིན་ནས་བཟུང་རིམ་བཞིན་འཛིན་བཟུང་གིས་བཀག་ཉར་བྱེད་བཞིན་པ་རྣམས་ལ་ཁྲིམས་ཐག་མུ་མཐུད་གཅོད་རྒྱུ་ཡིན་འདུག་པ་དང༌། དཀར་མཛེས་རྫོང་ཁོངས་ནས་འཛིན་བཟུང་བྱས་པ་མང་པོ་ཞིག་དཀར་མཛེས་ཁུལ་གྱི་རྫོང་ཁག་མང་པོའི་ནང་ཆ་བགོས་བྱས་ཡོད་པ་དངོས་འབྲེལ་ཡིན་འདུག།

བསྟན་ཆོས་ལ་ལོ་བཅོ་ལྔའི་ཁྲིམས་ཆད།

གནས་ཚུལ་ཤེས་གསལ་ལྟར་ན་ཕྱི་ཟླ་༩ ཚེས་༢༥ ཉིན་ལྷ་ས་གྲོང་ཁྱེར་མི་དམངས་ཁྲིམས་ཁང་ནས་བསྟན་ཆོས་བསྟན་འཛིན་ཆོས་གྲགས་ལ་དུས་བཀག་བཙོན་འཇུག་ལོ་༡༥ དང༌།  དངུལ་ཆད་རྒྱ་སྒོར་༡༠༠༠༠ ཁྲི་གཅིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག བཙོན་དུ་བཀག་ཉར་རིང་འདྲི་གཅོད་སྐབས་རྒྱ་གཞུང་ནས་དོ་བདག་བསྟན་ཆོས་ལ་ཟླ་གསུམ་པའི་ལས་འགུལ་ཁྲོད་ཧུར་བརྩོན་ཆེན་པོས་འཛུལ་ཞུགས་བྱེད་མཁན་ཡིན་པ་མ་ཟད། ཁོང་གི་ཕ་མཁས་གྲུབ་ཀྱང་སྔ་རྗེས་བོད་ནང་ལས་འགུལ་འདྲ་མིན་ནང་ཞུགས་ཏེ་རིམ་པས་རྒྱལ་ཁབ་ལ་རྒྱབ་གཏོད་ཀྱིས་བྲོས་བྱོལ་ཕྱིན་པ་སོགས་ཉེས་འཛུགས་ཁག་ཅིག་བྱས་ཡོད་འདུག ཁོང་རང་ལོ་༢༠ ཡིན་པ་དང༌། ཕ་མིང་མཁས་གྲུབ། སྐྱེས་ཡུལ་ལྷ་ས། རྒྱུན་གཏན་སྡོད་གནས་ལྷ་ས་རྒྱ་འབུམ་སྒང་བྱང་ཕྱོགས་གྲོང་ལྷན་ཁོངས་སུ་ཡིན་པ་དང༌། དེ་སྔ་བོད་ཁྱིམ་སློབ་གྲྭའི་ནང་སློབ་གཉེར་གནང་སྟེ་ཕྱི་ལོ་༢༠༠༥ ལོར་བོད་དུ་ཕྱིར་ལོག་བྱས་ཡོད་འདུག བོད་དུ་ལོག་རྗེས་རྒྱ་གྲམ་དམར་པོའི་ཚོགས་པ་ཞིག་ནང་ལྷ་སར་ལས་ཀ་བྱས་ཏེ་བསྡད་པ་དང༌། ད་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒོལ་བྱུང་རྗེས་ཁོང་དེའི་ནང་འཛུལ་ཞུགས་བྱས་པར་བརྟེན་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཚན་པས་༢༠༠༨ ཟླ་༤ ཚེས་༡༣ ཉིན་འཛིན་བཟུང་བྱས་པ་ཞིག་ཡིན་འདུག།

རྒྱ་གར་གྱི་བོད་དོན་བགྲོ་གླེང༌།

ཕྱི་ཟླ་༡༠ ཚེས་༣༡ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གཞུང་གིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ཐོག་བགྲོ་གླེང་ཞིག་གནང་ཡོད་པ་དང༌། དེའི་ཐོག་བདག་ཉིད་ཆེན་པོ་གྷན་དྷི་ཡི་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་རྗེས་འབྲང་བ་མཁས་པ་ཁག་ཅིག་དང༌། དེ་བཞིན་ཞིབ་འཇུག་པ་མང་པོ་ཕེབས་ཡོད་པ་རེད། རྒྱ་གར་གྱི་བོད་དོན་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་བསྐྱར་ཞིབ་དང༌། རྒྱ་གར་གཞུང་མང་ཡོངས་ནས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ཆབ་སྲིད་དཀའ་ངལ་ལ་གདོང་ལེན་བྱེད་དགོས་སྐོར་ཐོག་བགྲོ་གླེང་གནང་ཡོད་པ་རེད། རྒྱ་ནག་གིས་བོད་ནང་དཔལ་འབྱོར་ཡར་རྒྱས་ཆེན་པོ་བཏང་ཡོད་སྐོར་འཛམ་གླིང་ཐོག་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ནའང༌། བོད་ཀྱི་ནང་ཆོས་དང་བོད་མིའི་ཡུལ་སྲོལ་གོམས་གཤིས། ནང་སེམས་ཀྱི་བདེ་བ་སོགས་ནི་དཔལ་འབྱོར་ལས་རྩ་ཆེ་བར་བརྩི་ཡི་ཡོད་པ་རེད། དེར་བརྟེན་ད་ལོ་བོད་ནང་ཞི་རྒོལ་ཤུགས་ཆེན་བྱུང་བ་རེད། རྒྱ་གར་གཞུང་གིས་བོད་དོན་ཐོག་སྐད་ཆ་མང་པོ་བཤད་ཡོད་ནའང༌། དོན་དངོས་སུ་རྒྱ་ནག་གིས་བོད་དེ་ཧམ་བཟུང་བྱས་པ་ཞིག་ཡིན་པས། རྒྱ་གར་གཞུང་མང་ཡོངས་ནས་རྒྱབ་སྐྱོར་དགོས་སྐོར་སོགས་བགྲོ་གླེང་ཐོག་གསུང་མཁན་བྱུང་ཡོད་པ་རེད། ཚོགས་འདུ་དེར་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐུན་འགྱུར་གནང་ཡོད་པ་རེད།།

    
    བོད་མི་གང་མང་ལ་ཁྲིམས་ཐག་གཅོད་བཞིན་པ།

ཕྱི་ཟླ་༣ པ་ནས་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། དེའི་སྐབས་དམར་གསོད་དང་འཛིན་བཟུང་གང་མང་བྱས་པ་དང༌། ད་ལྟ་ས་གནས་གང་ས་ནས་ཞི་རྒོལ་བ་མང་པོ་ལ་ཁྲིམས་ཐག་གཅོད་བཞིན་ཡོད་པ་རེད།
    ཕྱི་ཟླ་༡༠ ཚེས་༢༣ ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་བ་འབར་ཁམས་སུ་ཨ་མཆོག་མཚན་ཉིད་དགོན་གྱི་གྲྭ་པ་བཞི་ལ་དགོན་པ་དེའི་ནང་གི་ཁ་བྲལ་ལས་འགུལ་སྤེལ་མཁན་གྱི་འགོ་གཙོ་དང༌། ཏཱ་ལའི་རུ་ཚོགས་ཀྱི་མི་རིགས་ཁ་བྲལ་ངན་སྐུལ་རྗེས་འབྲང་བ་ཡིན་པ། རྒྱལ་ཁབ་ཀྱིས་གུ་ཡངས་ཀྱི་སྒོ་ནས་དེ་རིང་འདིར་ཁྲིམས་རྩོད་པ་གདན་འདྲེན་ཞུས་ཡོད་ཚུལ་སོགས་དང༌།  དེ་བཞིན་དོ་བདག་རྣམས་ལ་བསམ་ཚུལ་སྙིང་བསྡུས་རེ་བཤད་རྒྱུའི་གོ་སྐབས་སྤྲད་པར་སྐབས་དེར་ཁོང་ཚོས་ྋགོང་ས་སྐྱབས་མགོན་ཆེན་པོས་དུས་ནམ་ཡང་མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་མྱོང་མེད་ཀྱང༌། བོད་མི་མང་ལ་རང་དབང་དགོས། དེའི་ཕྱིར་རྒྱ་འོག་ཏུ་བོད་ལ་རང་སྐྱོང་གཙང་མ་ཞིག་དགོས་ཀྱི་འདུག ཅེས་གསུངས་བཞིན་ཡོད་པ་རེད། དེར་རྒྱབ་སྐྱོར་ཡོད། ྋགོང་ས་མཆོག་གིས་གསུངས་པ་ལྟར་རྒྱ་གཞུང་གིས་བོད་ལ་རང་སྐྱོང་གཙང་མ་ཞིག་སྤྲད་ན་དེ་ནས་འགྲིག་པ་རེད། དེ་མིན་ན་ང་ལ་ཁྱེད་རང་ཚོས་ལོ་མང་གི་ཁྲིམས་ཆད་བཅད་པར་མ་ཟད། ང་ཚེ་བཙོན་བྱས་ཀྱང་འདྲ། ཡང་ན་ད་ལྟ་རང་ལ་ང་དམར་གསོད་བྱས་ཀྱང་ང་ལ་འགྱུར་བ་རྩ་བ་ནས་མེད་ཅེས་གཅིག་གྱུར་ལྟ་བུས་བརྗོད་ཡོད་འདུག
    རྔ་བ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱི་ཟླ་༡༠ ཚེས་༢༨ ཉིན་གྲྭ་ཀླུ་སྒྲུབ་ཡེ་ཤེས་རང་ལོ་༣༣ ཁྲིམས་ཆད་ལོ་༡༣ དང་ཕྱེད་ཀ། སྐྱོར་དཔོན་ཀླུ་སྒྲུབ་ཕུན་ཚོགས་རང་ལོ་༢༣ ཁྲིམས་ཆད་ལོ་༡༣ སྐྱོར་དཔོན་ཚུལ་ཁྲིམས་རྒྱ་མཚོ་རང་ལོ་༤༣ ཁྲིམས་ཆད་ལོ་༩ སྐྱོར་དཔོན་ཀླུ་སྒྲུབ་བསྟན་དར་རང་ལོ་༤༣ ཁྲིམས་ཆད་ལོ་༧ བཅས་བཅད་ཡོད་པ་རེད།
    ཕྱི་ཟླ་༡༠ ཚེས་༢༥ རྗེས་སུ་མདོ་སྨད་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་འདུན་པ་གསུམ་ལ་ཁྲིམས་ཐག་བཅད་ཡོད་འདུག ད་ལོའི་ཕྱི་ཟླ་༣ ཚེས་༡༥ ཉིན་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་རྗེས། ཕྱི་ཟླ་༣ ཚེས་༢༩ ཉིན་ནས་བཟུང་སྔ་ཕྱིར་དགེ་འདུན་པ་༢༥ ཙམ་འཛིན་བཟུང་བྱས་པའི་ཁོངས་ནས་སྨན་པ་གྲྭ་ཚང་གི་གཟའ་རུ་བསྟན་པ་རྒྱ་མཚོ་རང་ལོ་༢༧ ཁྲིམས་ཐག་ལོ་༥ དང༌། རྒྱུད་པ་གྲྭ་ཚང་གི་དཀོན་མཆོག་ཚུལ་ཁྲིམས་རང་ལོ་༢༣ གཟའ་རུ་དཀོན་མཆོག་གྲགས་པ་རང་ལོ་༢༤ བཅས་ལ་ལོ་༤ རེའི་ཁྲིམས་ཐག་བཅད་ཡོད་འདུག
    རྐ་ཆུ་ཁ་པ་དཀོན་མཆོག་འཇིགས་མེད་དང༌། ཚོང་རུ་དཀོན་མཆོག་དར་རྒྱས། མཐའ་མ་ཁ་དཀོན་མཆོག་བསམ་གཏན། འབྲིང་བ་དཀོན་མཆོག་ཡར་འཕེལ་བཅས་དགེ་འདུན་པ་བཞི་ལ་རྒྱ་སྒོར་༥༠༠༠ རེའི་ཉེས་ཆད་བཅད་ནས་གློད་གྲོལ་བཏང་ཡོད་འདུག དགོན་པ་དེར་རྒྱུན་དུ་ལྟ་རྟོག་བྱེད་བཞིན་པའི་ཁར། བརྙན་འཕྲིན་པར་ལེན་འཕྲུལ་ཆས་བཅུ་གྲངས་ཤིག་བཙུགས་ནས་དགོན་པའི་ནང་གི་རྒྱུན་ལྡན་གྱི་འགྲོ་འདུག་སྤྱོད་གསུམ་ལ་སོ་ལྟ་བྱེད་བཞིན་པ་དང༌། རྒྱ་གར་དུ་སོང་ནས་ཕྱིར་ཡོང་བ་རྣམས་ལ་དམིགས་བསལ་ལྟ་རྟོག་དང་དྲི་བརྩད། འགྲོ་འདུག་ལ་རང་དབང་ཅུང་ཙམ་ཡང་མེད་པ་རྒྱུན་ལྡན་ཡིན་ཞིང༌། ཕྱི་ལོ་༡༩༩༨ རྗེས་སུ་རྒྱ་གར་ལ་སོང་ནས་ཕྱིར་ཡོང་བ་རྣམས་དགོན་པའི་ནང་བསྡད་མི་ཆོག་པའི་སྒྲིག་གཞི་བཟོས་ནས་ལག་ལེན་བསྟར་བཞིན་ཡོད་འདུག།

ཉག་རོང་རྫོང་གི་ཞི་རྒོལ་བའི་གནས་སྟངས།

བོད་ནས་ཕེབས་མཁན་ཞིག་གིས་རྒྱ་ནག་གཞུང་ལ་ཉག་རོང་གི་ཞི་རྒོལ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་འགྲེལ་བརྗོད་གནང་བ་དེ་སྙིང་བསྡུས་སུ་བཀོད་ན། ད་ལོ་བོད་ཀྱི་ས་ཁུལ་གང་སར་རྒྱ་གཞུང་ལ་ཞི་རྒོལ་ཧ་ཅང་ཤུགས་ཆེན་བྱས་སྟབས། ཉག་རོང་ཁུལ་གྱི་མང་ཚོགས་ནས་ང་ཚོར་རང་བཙན་ཞིག་ཐོབ་པའི་རེ་བ་ཡོད་ས་རེད་ཟེར་ནས་རྒྱ་གཞུང་སློབ་གསོའི་ཚོགས་འདུ་སྐོང་ཚོགས་བྱེད་པར་སླེབས་ཚེ་བོད་པ་མང་པོ་རི་ལ་གཡོལ་བ་དང༌། སློབ་གསོ་བྱེད་མཁན་རྒྱ་མིའི་རླངས་འཁོར་གསུམ་ལ་སྟ་རེ་བརྒྱབ་པ་དང༌། མེར་བསྲེག་བཏང་ཡོད་པས། མི་མང་པོ་འཛིན་བཟུང་བྱས་ཡོད་པ་ལས་ད་ལྟ་དངོས་སུ་ཉག་རོང་རྫོང་གི་བཙོན་ཁང་དུ་མི་ཉི་ཤུ་རྩ་གྲངས་ཡོད་པ་རེད། དེ་དག་ལས་ཉག་སྨད་ནས་ཚེ་ནོར་དང༌། ཚེ་རྒྱ། ཕུར་པ། ཚེ་རིང་མགོན་པོ། རྣམ་རྒྱལ། ཨ་ཚེ། ཡེ་ཤེས་དབང་རྒྱལ་བཅས་མི་བདུན་ལས་གཞན་གྱི་མིང་ཤེས་ཀྱི་མེད་ཟེར། མི་མང་དེ་དག་ནི་སེམས་ཤུགས་ཆེན་པོའི་ངང་ང་ཚོར་བརྡུང་བས་མ་ཚད་བསད་པ་ཡིན་ནའང་ཤི་གོ་ཆོད་པ་རེད་ཟེར་ནས་སེམས་ཐག་གཙང་བཅད་བྱེད་ཀྱི་འདུག་ཟེར། ཐོག་མར་འབྲེལ་ཡོད་སུ་གང་ལ་ཐུག་བཅུག་མི་འདུག་ལ། ཐུག་བཅུག་རོགས་ཟེར་མཁན་ཚོར་ཡང་རྡུང་གྲབས་བྱེད་ཀྱི་འདུག་མོད། དེང་སང་ཁ་ཤས་ཤིག་ལ་ཐུག་བཅུག་པའི་གནས་ཚུལ་འདུག ཁོང་ཚོ་མགྱོགས་པ་གློད་ཀྱི་རེད་ཟེར་ཡང་ད་ལྟ་གློད་མ་སོང་ཟེར། མི་མང་བྱིངས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མཇལ་ཁ་བྱུང་ན་བསམ་པའི་ཞབས་རིམ་སོགས་བྱས་ནས་བསྡད་ཡོད་པ་རེད། རྒྱ་རིགས་ཉ་འཛིན་མཁན་དང་གསེར་རྐོ་མཁན་སུ་ཡོང་ཚང་མ་རྫོང་ནང་འདུག་པ་ལས་གྲོང་གསེབ་ཏུ་འགྲོ་བཅུག་མི་འདུག་ཟེར། གཏེར་ཁ་སྔོག་འདོན་བྱེད་སའི་ཁུལ་དུ་ལམ་ཁ་སོགས་ཅུང་ཟད་ཡར་རྒྱས་བཏང་ཡོད་རུང༌། ས་ཁུལ་གཞན་དུ་ཡར་རྒྱས་བཏང་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང༌།། བལ་ཡུལ་གསར་འགོད་པས།

རྒྱལ་ཚོགས་ནས་བོད་དོན་འདྲི་ཞིབ།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་རྟོག་ཞིབ་སྡེ་ཚན་ནས་ཚོགས་ཆེན་དེ་ཇེ་ནེ་ཝ་རུ་ཟླ་འདིའི་ཚེས་༧ ཉིན་ནས་འཚོག་བཞིན་ཡོད་པ་དང༌། མནར་གཅོད་རྟོག་ཞིབ་ཚན་པས་རྒྱ་གཞུང་གིས་མནར་གཅོད་དང་འབྲེལ་བའི་ལས་དོན་གསང་རྒྱ་དམ་པོ་བྱས་ཡོད་པས། རང་དབང་གིས་འགྲེལ་བརྗོད་བྱེད་རྒྱུར་ཁག་པོ་ཡོད་སྐོར་བརྗོད་ཡོད་པ་རེད། ཚོགས་ཆེན་དེའི་ཐོག་རྒྱ་ནག་དང་བོད་ནང་གི་གནས་སྟངས་སྐོར་ལ་སྐད་ཆ་བཤད་སྐབས། རྒྱ་ནག་གིས་བོད་ནང་དཀའ་ངལ་མེད་པར་འགྲོ་བ་མིའི་ཐོབ་ཐང་ཡག་པོ་ཡོད་སྐོར་བརྗོད་ཡོད་པ་རེད། རྒྱལ་ཚོགས་ཀྱི་འདྲི་རྩོད་བྱེད་མཁན་གྱིས་རྒྱ་ནག་ནང་དུ་མནར་གཅོད་སྐོར་ལ་རྟོག་ཞིབ་བྱས་པ་ཐེངས་བཞི་པ་དེ་ཡིན། རྒྱ་ནག་གིས་འཆར་ཅན་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་ལན་འདེབས་གཅིག་པ་བྱེད་ཀྱི་འདུག ཞིབ་ཚགས་པོ་མི་འདུག བོད་ནང་དུ་ད་ལོ་ཆ་བཞག་ནས་མི་མང་པོ་འཇུ་བཟུང་དང༌། གར་སོང་ཆ་མེད་དུ་གྱུར་པ་ཆེས་མང་པོ་ཡོད་པ་རེད། ད་ལྟ་འཛིན་བཟུང་བྱས་པའི་མི་བརྒྱད་བརྒྱ་ལྷག་གི་མིང་ཐོ་ཡོད་པ་དེ་ཚོ་གསལ་བཤད་དགོས་པ་རེད། ྋགོང་ས་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་ཆུང་སྲིད་ཀྱི་གནས་སྟངས་ཁ་གསལ་དགོས་སྐོར་སོགས་བརྗོད་ཡོད་པ་རེད།།
    བོད་ནང་དུ་ཁྲིམས་ཐག་བཅད་པའི་གྲངས་ཀ་མང་དུ་འགྲོ་བཞིན་འདུག
བོད་ནང་དུ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌། འདི་ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ནས་བོད་ཀྱི་ས་གནས་གང་ས་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པར་བརྟེན། རྒྱ་ནག་གཞུང་གིས་ཞི་རྒོལ་བ་དམར་གསོད་དང་འཇུ་བཟུང་བཙོན་འཇུག་གང་མང་བྱས་ཡོད་པ་རེད། ད་ལྟ་འཇུ་བཟུང་བྱས་པ་རྣམས་ལ་ཁྲིམས་རྩོད་པ་སོགས་གང་ཡང་མེད་པར་རྒྱལ་ཁབ་ཁ་བྲལ་བའི་མིང་ཐོག་ནས་དངུལ་ཆད་བཅད་པ་དང༌། ལོ་མང་པོའི་ཁྲིམས་ཐག་བཅད་པ་སོགས་མང་དུ་འགྲོ་བཞིན་ཡོད་པ་རེད།
    ཕྱི་ཟླ་༦ ཚེས་༦ ཉིན་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ས་ཁུལ། བྲག་མགོ་རྫོང་ཐོག་ཏུ་བྲག་མགོ་ལྗང་མདའ་ནས་ཡིན་པ་གྲྭ་ཚེ་དབང་གྲགས་པ་དང༌། རྟའུ་ནས་ཡིན་པ་གྲྭ་ཐུབ་བསྟན་རྒྱ་མཚོ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ནས་ཡིན་པ་གྲྭ་བྱང་སེམས་ཉི་མ་ཀརྨ་ཆོས་འཕེལགསུམ་གྱིས་ཞི་རྒོལ་སྐད་འབོད་དང༌། གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་རྟགས་འཁོད་པའི་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱས་རྗེས་རྒྱ་གཞུང་གིས་དམག་མིས་འཛིན་བཟུང་དང་བཙན་ཁྲིད་བྱས་ཡོད་འདུག ཉེ་བའི་ཆར་དར་མདོ་ཁྲིམས་ཁང་ནས་ཁྲིམས་ཐག་བཅད་ཡོད་པ་དང༌། ཚེ་དབང་གྲགས་པ་ལ་ལོ་ལྔའི་ཁྲིམས་ཐག་དང༌། ཐུབ་བསྟན་རྒྱ་མཚོ་ལ་ལོ་བཞིའི་ཁྲིམས་ཐག ཀརྨ་ཆོས་འཕེལ་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག
    ཕྱི་ཟླ་༥ པའི་ནང་གསེར་རྟ་རྫོང་ཐོག་ཏུ་ཞི་རྒོལ་བྱེད་མཁན་ཁམས་གོ་འཇོ་ནས་ཡིན་པ་འབུམ་དགའ་ལགས་རྒྱ་གཞུང་གིས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང༌། ཉེ་བའི་ཆར་དར་མདོ་ཁྲིམས་ཁང་ནས་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། ཆབ་མདོ་ནས་ཡིན་པ་བཀྲ་ཤིས་འོད་ཟེར་ལགས་ཀྱིས་ལྷ་སར་འབྲེལ་ཡོད་ཅིག་ལ་ཁ་པར་བཏང་ནས། བོད་རང་བཙན་ཐོབ་མིན་སྐད་ཆ་དྲིས་པར་བརྟེན། ཉེན་རྟོག་པས་གོ་ཐོས་བྱུང་སྟེ་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་པ་རེད།
    ད་ལོའི་ཕྱི་ཟླ་༤ ནང་འཛིན་བཟུང་བྱས་པའི་རྔ་པ་རྫོང་ཁོངས་ཀྱི་ཞི་རྒོལ་བ་དར་རྒྱས་ལགས་སུ་ཟླ་༡༡ འདིའི་ཚེས་༤ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་ཟེར་བ་ནས་ལོ་༥ ཁྲིམས་ཐག་བཅད་ཡོད་པ་དང༌། འཛམ་བྷ་དང༌། ནང་རིན་གཉིས་ལ་ཁྲིམས་ཐག་ལོ་༤ རེ་བཅད་ཡོད་འདུག
    ཕྱི་ཟླ་༡༡ ཚེས་༥ ཉིན་རྔ་པ་རྨེའུ་རུ་མའི་དབུར་འཇམ་ཚང་གི་ཆོས་འཕེལ་དང༌། རྔ་པ་གཅའ་ཤང་རྭ་རུ་བའི་སངས་རྒྱས་གཉིས་ལ་བཙོན་འཇུག་ཁྲིམས་ཐག་ལོ་༤ རེ་དང༌། རྔ་པ་རྨེའུ་རུ་མའི་རྭ་ཚང་གི་ཚེ་བདག་ལ་བཙོན་འཇུག་ཁྲིམས་ཐག་ལོ་༦ བཅས་བཅད་ཡོད་འདུག ཁོང་ཚོ་ལ་ཁྲིམས་ཐག་གཅོད་སྐབས་རྒྱ་གཞུང་གི་ལས་བྱེད་མང་པོ་གོ་སྒྲིག་བྱས་ནས་ཡོང་ཡོད་པ་ལས་དོ་བདག་གི་ནང་མི་རེ་གཉིས་མ་གཏོགས་ཁྲིམས་ཐག་གཅོད་སར་འགྲོ་བཅུག་ཡོད་མི་འདུག
    ཕྱི་ཟླ་༡༠ པའི་ཟླ་མཇུག་གམ་ཕྱི་ཟླ་༡༡ པའི་ཟླ་འགོ་གང་རུང་ཞིག་ལ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། ཐུན་ཏེ་འབའ་འམ་གད་པ་སུམ་མདོ་རྫོང་གི་ཁོངས་གཏོགས་གཙང་དགོན་པའི་གྲྭ་པ། ཕ་ཡུལ་མདོ་སྨད་རྨ་ལྷོ་སོག་རྫོང་ནས་ཡིན་པ་གྲྭ་མཁས་གྲུབ་རྒྱ་མཚོ་དང༌། གྲྭ་ཚུལ་ཁྲིམས་རྒྱ་མཚོ་གཉིས་ལ་ལོ་༡༠ རེའི་ཁྲིམས་ཐག་བཅད་ཡོད་པ་དང༌། གྲྭ་མཆོག་སྤྲིན་རྒྱ་མཚོ་ལ་ལོ་༩ ཁྲིམས་ཐག་བཅད་འདུག་པས་ཁོང་རྣམས་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང༌། གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་བྱས་ཚུལ་སོགས་ཀྱི་ཉེས་མིང་བཏགས་ཡོད་འདུག ཕྱི་ཟླ་༣ ཟླ་མཇུག་ལ་འཛིན་བཟུང་བྱས་པའི་རྔ་པ་རྫོང་རོང་མུ་འགུ་སྡེ་བའི་འཇིགས་འཕྲིན་ཚང་གི་རྣམ་སྲས་ལ་ཕྱི་ཟླ་༡༡ ཚེས་༦ ཉིན་རྔ་པ་རྫོང་མི་དམངས་ཁྲིམས་ཁང་གིས་ལོ་༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་དང་མཉམ་དུ་བཟུང་བའི་ཤང་གཅིག་པ་ཡིན་པའི་མི་གསུམ་ལ་ལོ་༡ དང་ཟླ་༨ རེ་ཁྲིམས་ཐག་བཅད་པ་དང༌། རྣམ་སྲས་མགོ་གཙོ་ཡིན་པའི་ངོས་འཛིན་འོག་ནས་དེ་ལྟར་ཁྲིམས་ཐག་ལྕི་མོ་བཅད་པ་ཡིན་འདུག
ཕྱི་ཟླ་༡༡ ཚེས་༥ ཉིན་རྔ་པ་རྫོང་ནས་མི་གསུམ་ལ་ཁྲིམས་ཐག་བཅད་པ་དང༌། དེའི་ནང་གི་རྭ་ཚེ་བདག་ལ་ལོ་༦ དང་གཞན་གཉིས་ལ་མི་གཞན་གཉིས་ཀྱི་མིང་ཤེས་རྟོགས་བྱུང་མི་འདུགལོ་༤ རེ་ཡིན་འདུག་པས། རྭ་ཚེ་ལ་ལོ་མང་པོའི་ཁྲིམས་ཐག་གཅོད་པའི་རྒྱུ་མཚན་ཁོང་གིས་ཁྲིམས་ར་ནས་ད་ལོ་རྒྱལ་ཁབ་ལ་སྒོར་མོས་གྱོང་བརྒྱབ་ཡོད་ནའང་ཐང་མོད། ང་ཚོ་བོད་ལ་མི་མང་པོ་གྱོང་བརྒྱབ་སོང་ཞེས་སྐད་ཆ་བཤད་པས་ལོ་གཉིས་མང་དུ་བཏང་བ་ཡིན་འདུག།

བོད་ནང་གི་ཛ་དྲག་གནས་སྟངས་བརྒྱ་ཆ་༦༠ ཕྱིར་བསྒྲགས་བྱེད་ཐུབ་ཀྱི་མི་འདུག

བོད་ནང་ནས་བོད་མི་ཞིག་གིས་ཁ་པར་བརྒྱུད་ནོར་ཝེ་རླུང་འཕྲིན་ཁང་ལ་བོད་ནང་དུ་འདི་ལོར་ཞི་རྒོལ་ཉིན་བསྟུད་མར་ཤུགས་ཆེན་བྱུང་བ་དང༌། རྒྱ་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རྗེས་ནས་དམ་དྲག་ཆེ་རུ་བཏང་ཡོད་པ་རེད། ཛ་དྲག་གནས་སྟངས་བརྒྱ་ཆ་དྲུག་ཅུ་ཕྱིར་བསྒྲགས་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ཕྱི་རྒྱལ་གྱི་དཔོན་རིགས་བོད་ནང་དུ་གཟིགས་སྐོར་དུ་ཡོང་ནའང༌། དཔོན་རིགས་བར་ཐུག་འཕྲད་ལས་མང་ཚོགས་ཀྱི་དཀའ་ངལ་མཐོང་གི་ཡོད་པ་མ་རེད། དམ་དྲག་ག་ཚོད་ཡོད་ནའང༌། མི་མང་བོད་ཀྱི་བདེན་མཐའ་གསལ་ཐབས་ལ་སེམས་ཤུགས་ཆག་གི་ཡོད་པ་མ་རེད། གནས་ཚུལ་རྣམས་ཁྱབ་བསྒྲགས་དང་རྟོག་ཞིབ་ཡོང་བ་ལ་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།

བླ་བྲང་གི་གྲྭ་འཇིགས་མེད་བསྐྱར་དུ་འཇུ་བཟུང༌།

    མདོ་སྨད་བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཆབ་སྲིད་ཀྱི་དོགས་གཞིའི་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། རྡུང་རྡེག་མནར་གཅོད་ཚད་མེད་བཏང་ནས་གློད་གྲོལ་བཏང་རྗེས་ཁོང་གིས་བོད་མི་སྤྱི་དང་ཁོ་རང་ལ་ཉེན་རྟོག་པས་མནར་གཅོད་གཏོང་སྟངས་དང༌། བོད་མིའི་དཀའ་ངལ་བཤད་པའི་བརྙན་འཕྲིན་ཕྱི་རྒྱལ་བརྒྱུད་ལམ་ཁག་ཏུ་མཁོ་སྤྲོད་བྱས་རྗེས། བར་སྐབས་གསང་ཡིབ་བྱས་ནས་བསྡད་ཡོད་ནའང༌། ཟླ་འདིའི་ཚེས་༤ ཉིན་གུང་ཆུ་ཚོད་དང་པོ་ཙམ་དུ། ཁོང་ཡང་བསྐྱར་ཉེན་རྟོག་པ་སྒྲིག་ཆས་གྱོན་མེད་མཁན་དག་གིས་གྲྭ་པ་གཞན་དག་ཚོགས་འཚོགས་པ་དང་སྟབས་བསྟུན་ནས་འཛིན་བཟུང་གིས་གང་དུ་ཁྲིད་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་མེད་པ་མ་ཟད། འཛིན་བཟུང་བྱེད་མཁན་གྱི་ཉེན་རྟོག་པ་དེ་དག་ཀྱང་ས་ཆ་གང་ནས་ཡོང་བ་ཡིན་མིན་ཤེས་ཀྱི་མེད་འདུག འཇིགས་མེད་ལགས་ཕྱི་ལོ་༢༠༠༦ ལོར་རྒྱ་གར་དུ་ྋགོང་ས་མཆོག་གི་དུས་འཁོར་དབང་ཆེན་ཞུ་སར་བཅར་བ་དང༌། ྋགོང་ས་མཆོག་གིས་དམིགས་བསལ་མཇལ་ཁ་གནང་ཡོད་པ་རེད།།

བཙན་བྱོལ་བོད་གཞུང་གི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ།

ཚོགས་ཆེན་དེ་ཧ་ཅང་གལ་ཆེན་དུ་ངོས་འཛིན་བྱེད་ཀྱི་ཡོད། ཚོགས་ཆེན་འདིའི་གྲོས་གཞིའི་ཐོག་ཏུའང་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་འདི་ལེགས་འདི་ཉེས་ཀྱི་བསམ་ཚུལ་ཚིག་གཅིག་ཞུ་རྒྱུ་མིན། གང་ལགས་ཤེ་ན་དེ་ལ་བརྟེན་ནས་ཚོགས་མི་རྣམས་ཀྱི་དགོངས་ཚུལ་ལ་ཤུགས་རྐྱེན་ཐེབས་པའི་གཟིགས་ཚུལ་ཡོང་སྲིད། ང་ཚོའི་ངོས་ནས་གཞི་རིམ་མང་ཚོགས་ཀྱི་རྣམ་དཔྱོད་ལ་ཡིད་ཆེས་གཙང་མ་ཡོད་ཅེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་ཆེན་མཛད་སྒོའི་ཐོག་གསུངས་ཡོད་པ་རེད། ཚོགས་ཆེན་ནང་བཀའ་བློན་རྣམས་མཉམ་ཞུགས་གནང་བ་ལས་དགོངས་ཚུལ་གསུང་གི་མེད་པ་རེད།
    ཟླ་འདིའི་ཚེས་༡༧ ཉིན་དྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༩ འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་དེ་ཚོགས་ཡོད་པ་དང༌། ཚོགས་ཆེན་མཛད་སྒོའི་ཐོག་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་རྣམ་པ་དང༌། སྤྱི་འཐུས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ། བཀའ་བློན་ཁྲི་པས་དབུས་བཀའ་བློན་རྣམ་པ་དབུ་བཞུགས་ཐོག་ཚོགས་མི་ཡོངས་མཉམ་ཞུགས་གནང་ཡོད་པ་རེད། དེའི་སྐབས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང༌། སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད། ཚོགས་འདུ་དེར་བཀའ་བློན་༨ ཆ་ཚང་དང༌། བཀའ་ཟུར་༡༨ སྤྱི་འཐུས་ལས་ཐོག་༤༣ ནང་ནས་༤༡ སྤྱི་ཟུར་༣༢ གཞུང་ཞབས་༦༦ སྐུ་ཚབ་དོན་གཅོད་༡༢ ས་གནས་འགོ་འཛིན་༤༦ ས་འཐུས་༧༨ རང་བདེན་ཚོགས་ཆུང་༦༠ སློབ་གྲྭ་ཁག་༥༨ དགོན་སྡེ་ཁག་༣༠ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་༢༠ རང་སྐྱོང་སྡེ་ཚན་ཁག་༡༡ ཕྱི་རྒྱལ་སྤྱི་མཐུན་ཚོགས་ཁག ༣༢ དྭང་བླངས་རྒྱ་བལ་འབྲུག་གསུམ་ནས་༢༥ དྭང་བླངས་ཕྱི་རྒྱལ་ནས་༢༣ བསྡོམས་པའི་ཚོགས་མི་༥༦༠ མཉམ་ཞུགས་གནང་ཡོད་པ་རེད།།

རང་བཙན་གྱི་དམིགས་ཡུལ་ཡོད་པ་གསལ་པོ་རེད་ཟེར་ཡོང་གི་འདུག

བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་སྙིང་དོན།    ཟླ་འདིའི་ཚེས་༡༦ ཉིན་ྋགོང་ས་མཆོག་གི་སྐུ་ཚབ་གཉིས་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་༨ པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། ཐེངས་འདིའི་འབྲེལ་མོལ་སྐབས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དོན་ཚན་ཁག་ཅིག་ཀྱང་སྤྲད་ཡོད་ནའང༌། མ་འོངས་པར་བསྐྱར་དུ་ཐུག་དགོས་མིན་སྐོར་ཕྱོགས་གཉིས་ཀྱིས་གླེང་སློང་གང་ཡང་གནང་མེད་པ་རེད།
    རྒྱ་ནག་གཞུང་ལ་ང་ཚོས་ཕུལ་བའི་བསམ་ཤོག་དེའི་ནང་གི་སྐད་ཡིག་གི་སྐོར་དང༌། ཆོས་ལུགས་ཀྱི་སྐོར་སོགས་རེ་རེ་བཞིན་འགྲེལ་བཤད་རྒྱག་སྐབས། ཁོང་ཚོས་བརྗོད་དོན་¿ཁ་ནས་མ་བཤད་པ་ཙམ་མ་གཏོགས་དོན་ལ་ཁ་བྲལ་དང༌། རང་བཙན་གྱི་དམིགས་ཡུལ་ཡོད་པ་གསལ་པོ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་སྐད་ཡིག་རྒྱ་ཡིག་རེད། བོད་ཀྱི་ས་ཁུལ་ཡོངས་སུ་བོད་སྐད་དང་བོད་ཡིག་ཁོ་ན་བྱས་ན་མི་རིགས་གཉིས་ཁ་བྲལ་འགྲོ་ཡི་རེད། ཁ་བྲལ་བའི་ལྟེ་གནས་དགོན་སྡེ་ཁག་གི་ནུས་པ་འདོན་གྱི་ཡོད་པ་གསལ་པོ་རྟོགས་སོང༌། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་དབང་ཚད་ལ་ལག་པ་འཆང་གི་འདུག རྩ་ཁྲིམས་དང་མཐུན་གྱི་མི་འདུག པགས་པ་མ་འདྲ་བ་གཡོགས་པ་ལས་སྙིང་པོ་རང་བཙན་གྱི་དམིགས་ཡུལ་ཁུར་ཡོང་གི་འདུག་¿ཅེས་བརྗོད་ཀྱི་འདུག ང་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་དང་བོད་ནང་གི་མི་མང་གི་ཁེ་ཕན་ཁོ་ན་རྩོད་ཀྱི་ཡོད། ྋགོང་ས་མཆོག་གི་དགོངས་གཞི་རེད་ཅེས་སོགས་གསུངས་ཡོད་སྐོར་དང༌། མ་འོངས་པར་འབྲེལ་བ་བཅད་ཡོད་པ་མ་རེད་མོད། ཐུག་རྒྱུར་དགོས་འདུན་གང་ཡང་བཏོན་མེད་ཅེས་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
    རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཞིག་ཕུལ་བའི་ནང་འཁོད་དོན། འབྲེལ་མོལ་ཐེངས་བདུན་པའི་སྐབས་ཕྱི་ལོ་༢༠༠༨ ཟླ་༧ ཚེས་༡ དང་༢ ཉིན་རྒྱ་ནག་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ཏུའུ་ཆིང་ལིན་མཆོག་གིས་ྋགོང་ས་མཆོག་གི་ངོས་ནས་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཐོག་དགོངས་འཆར་ལེགས་པ་གང་ཡོད་གསུངས་པའི་རེ་བ་དང་འབོད་སྐུལ་ཞུ་ཡི་ཡོད་གསུངས་པ་དང༌། དབུས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ལས་བློན་ཆེན་གཞོན་པ་སྐུ་ཞབས་ཀྲུའུ་ཝེ་ཆོན་མཆོག་གིས་ང་ཚོའི་ངོས་ནས་རང་སྐྱོང་གི་ཚད་གཞིའམ་རྣམ་པ་ག་འདྲ་ཞིག་འཚོལ་གྱི་ཡོད་པའི་འགྲེལ་བརྗོད་ཁ་གསལ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་བའི་ས་གནས་རང་སྐྱོང་སྐོར་ཁྱེད་ཚོའི་བསམ་ཚུལ་ཇི་ཡོད་ཉན་འདོད་ཡོད་ཅེས་གསུངས་བྱུང༌། དེར་བརྟེན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཚོགས་གཙོ་གཞོན་པ་སྐུ་ཞབས་ཏུའུ་ཆིང་ལིན་མཆོག་ལ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཕུལ་བ་ཡིན། དེ་བཞིན་པེ་ཅིང་དུ་ཟླ་༡༡ ཚེས་༤ དང་༥ ཉིན་གྲོས་བསྡུར་ཞིབ་ལྷུག་བྱས་པ་ཡིན། ཉེ་སྔོན་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གིས་ང་ཚོའི་གྲོས་བསྡུར་སྐོར་དང༌། ཁྱད་པར་ང་ཚོས་ཕུལ་བའི་བསམ་འཆར་བཅས་ཀྱི་སྐོར་གཏམ་བཤད་སྤེལ་འདུག གཏམ་བཤད་དེ་དག་གིས་བསམ་འཆར་ནང་གསལ་བའི་ང་ཚོའི་ལངས་ཕྱོགས་དང་གྲོས་འཆར་ཁག་ལ་འཁྱོག་བཤད་བྱས་འདུག དེར་བརྟེན་རྒྱ་ཆེའི་མང་ཚོགས་དང༌། འབྲེལ་ཡོད་སྲིད་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་ཁག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང༌། གང་ཟག་སྒེར་བཅས་ནས་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཇི་ཡིན་ཆ་ཚང་ཤེས་རྟོགས་ཐུབ་ཆེད་དེ་རིང་བསམ་འཆར་དེ་འགྲེམས་སྤེལ་ཞུ་རྒྱུ་ཡིན། བསམ་འཆར་ནང་ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ལངས་ཕྱོགས་ཇི་ཡིན་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་དགོངས་དོན་ང་ཚོས་གོ་བ་བླངས་ཕྱོགས་ལྟར་ལག་བསྟར་བྱེད་ན་དམིགས་བཀར་བོད་མིའི་དགོས་མཁོ་རྣམས་བསྐང་ཐུབ་ཚུལ་གསལ་བཤད་བྱས་ཡོད། ྋགོང་ས་མཆོག་གིས་བོད་མིའི་གཞི་རྩའི་དགོས་མཁོ་ཁག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བསྐང་ཐུབ་པའི་གདེང་ཚོད་གནང་ཡོད།
བསམ་འཆར་གྱི་སྙིང་དོན།
    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་རང་སྐྱོང་དང་རང་སྲིད་རང་སྐྱོང་སྐོར་གྱི་གཞི་རྩའི་ལྟ་གྲུབ་གསལ་བ་དེ་དག་གི་དམིགས་ཡུལ་བོད་མིའི་དགོས་མཁོ་དང་མངོན་འདོད་དང་མཐུན་གྱི་ཡོད། མི་རིགས་ས་གནས་རང་སྐྱོང་གི་དམིགས་ཡུལ་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་སྤང་བའི་སྒོ་ནས་མི་རིགས་གཉའ་གནོན་དང་མི་རིགས་ཁ་བྲལ་གཉིས་འགོག་ཐབས་བྱེད་ཆེད་དང༌། རང་ཁྱིམ་རང་བདག་གི་དབང་ཆ་སྤྱོད་པའི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་ངོ་བོ་དང་ལེགས་བྱང་སྲུང་སྐྱོབ་ཐུབ་པའི་འགན་སྲུང་བྱེད་ཆེད་རེད། རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་ནང་བོད་མིའི་དགོས་མཁོ་རྣམས་ཚད་གཞི་ངེས་ཅན་གྱི་བར་བསྐང་ཐུབ་ཀྱི་ཡོད། རྩ་ཁྲིམས་ནང་གནད་དོན་ཁ་ཤས་ཐོག་རྒྱལ་ཁབ་ཀྱི་ལས་ཁུངས་ཁག་ལ་རང་སྐྱོང་སྐོར་གྱི་ཐག་གཅོད་དང་ལག་བསྟར་བྱེད་ཕྱོགས་ཀྱི་དམིགས་བསལ་དབང་ཆ་སྤྲད་ཡོད། བོད་མིའི་ཐུན་མོང་མ་ཡིན་པའི་གནས་སྟངས་དང་འཚམས་པའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་བར་དམིགས་བསལ་གྱི་དབང་ཆ་འདི་དག་ལག་བསྟར་བྱེད་དགོས། ཕྱོགས་གཉིས་ཀའི་ངོས་ནས་ལྷག་བསམ་རྣམ་དག་བྱུང་ན་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ལྟ་གྲུབ་བརྒྱུད་ད་ཡོད་ཀྱི་དཀའ་ངལ་རྣམས་སེལ་ཐུབ། དེ་འདྲ་བྱེད་ན་རྒྱལ་ཁབ་གཅིག་གྱུར་དང༌། བརྟན་ལྷིང༌། བོད་རིགས་དང་མི་རིགས་གཞན་ཚོའི་བར་འཆམ་མཐུན་གྱི་འབྲེལ་ལམ་འཛུགས་ཐུབ་པ་ཡོང་གི་རེད།
བོད་མིའི་མངོན་འདོད་ཁག
    བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་བྱུང་རབས་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་ཕྱུག་པོ་ཡོད་པ་འདི་དག་འགྲོ་བ་མིའི་རིགས་ཀྱི་རྩ་ཆེའི་ཁྱད་ནོར་གྱི་ཆ་ཤས་ཤིག་རེད། བོད་མི་ཚོར་རང་གི་ཕ་མེས་ནས་བརྒྱུད་པའི་ཁྱད་ནོར་འདི་དག་སྲུང་སྐྱོབ་བྱེད་འདོད་ཡོད་པ་མ་ཟད། དུས་རབས་ཉེར་གཅིག་པའི་དགོས་མཁོ་དང་འཚམས་པར་རང་གི་ཆོས་རིག་གོམས་གཤིས་གོང་འཕེལ་གཏོང་འདོད་ཡོད། མི་རིགས་མང་བའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་སུ་མཉམ་སྡོད་བྱེད་ན་བོད་མིར་རྒྱལ་ཁབ་ནང་དཔལ་འབྱོར་དང་ཚན་རིག་གི་ཡར་རྒྱས་ཤུགས་ཆེ་འགྲོ་བཞིན་པ་འདི་དག་གིས་ཕན་ཐོགས་ཆེན་པོ་ཡོང་ཐུབ། ང་ཚོས་ཡར་རྒྱས་ཀྱི་འཕེལ་རིམ་འདིའི་ནང་ཆ་ཤས་ལེན་རྒྱུ་དང་ཕྱར་གྲུ་མཉམ་འདེགས་བྱེད་འདོད་པ་དང་ཆབས་ཅིག་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌། ལེགས་བྱང༌། སྙིང་དོན་རྣམས་མ་བརླག་པ་བྱེད་རྒྱུ་དང༌། གདོད་མ་ནས་བོད་རིགས་འདུས་སྡོད་བྱེད་སའི་མཐོ་སྒང་བོད་ཀྱི་ཧ་ཅང་འཇིག་སླ་བའི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་མི་བཟོ་བའི་འགན་སྲུང་ཡང་བྱེད་འདོད་ཡོད།
    ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐབས་གནང་རྒྱུའི་ཐུགས་དམ་ནི་ཞལ་གསལ་པོ་དང་ཚིག་ཐག་ཆོད་པོ་རེད། ྋགོང་ས་མཆོག་གིས་བཞེངས་ཕྱོགས་འདི་ལྟར་བཟུང་བ་ནི་དབུ་ཁྲིད་ཏིང་ཞའོ་ཕིང་གིས་བོད་རང་བཙན་མ་གཏོགས་གནད་དོན་གཞན་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱེད་ཆོག་ཅེས་ནན་བརྗོད་གནང་བ་དང་ཡོངས་སུ་མཐུན་པ་ཡིན། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁྱོན་བདག་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྟབས། ང་ཚོའི་རེ་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་བོད་མིའི་གཅིག་གྱུར་དང་མིང་དོན་མཚུངས་པའི་རང་སྐྱོང་བྱེད་རྒྱུའི་ཐོབ་ཐང་ལ་དབུས་གཞུང་གིས་ངོས་འཛིན་དང༌། བརྩི་བཀུར་ཆ་ཚང་གནང་བའི་རེ་བ་ཡོད། དེ་ནི་ང་ཚོའི་བར་མི་མཐུན་པ་རྣམས་སེལ་ཐབས་བྱེད་རྒྱུའི་གཞི་རྩ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཕན་ཚུན་བར་ཆིག་བསྒྲིལ་དང༌། འཆམ་མཐུན། བརྟན་ལྷིང་བཅས་ཡོང་བའི་ཉེར་ལེན་རེད།
བོད་མིའི་གཞི་རྩའི་དགོས་མཁོ། རང་སྲིད་རང་སྐྱོང་བྱེད་རྒྱུའི་གནད་དོན་ཁག སྐད་ཡིག ལེགས་བྱང༌། ཆོས་ལུགས། ཤེས་ཡོན། ཁོར་ཡུག་སྲུང་སྐྱོབ། རང་བྱུང་ཐོན་ཁུངས་བེད་སྤྱོད་བྱེད་ཕྱོགས། དཔལ་འབྱོར་ཡར་རྒྱས་དང་ཚོང་འབྲེལ། མང་ཚོགས་ཀྱི་འཕྲོད་བསྟེན། མང་ཚོགས་ཀྱི་བདེ་འཇགས། ཕྱོགས་མི་དོ་དམ་བྱེད་ཐབས་ཀྱི་སྲོལ་ཡིག རྒྱལ་ཁབ་གཞན་དང་མཉམ་ལེགས་བྱང་དང༌། སློབ་གསོ། ཚན་རིག ཆོས་ལུགས་ཐད་ཕན་ཚུན་བརྗེ་ལེན་བྱེད་ཆོག་པ།
བོད་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་དགོས་པ། ད་ལྟའི་འཛིན་སྐྱོང་ཆ་བགོས་ལ་མ་ལྟོས་པར་བོད་རིགས་ཚང་མ་གྲངས་ཉུང་མི་རིགས་གཅིག་གི་ཁོངས་སུ་གཏོགས་ཀྱི་ཡོད། བོད་མིའི་གཅིག་གྱུར་གྱི་ངོ་བོ་ལ་ངེས་པར་དུ་བརྩི་བཀུར་གནང་དགོས། དེ་ནི་རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་དགོངས་དོན་དང༌། དམིགས་ཡུལ། གཞི་རྩའི་ལྟ་བ་ཡིན་པ་མ་ཟད། མི་རིགས་འདྲ་མཉམ་བྱེད་རྒྱུའི་ལྟ་གྲུབ་ཀྱི་གཞི་རྩ་ཡང་རེད། བོད་རིགས་རྣམས་སྐད་ཡིག་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན། གོམས་གཤིས་བཅས་ཀྱི་ཆ་ནས་མི་རིགས་གཅིག་རང་ཡིན་པ་དང་ཐུན་མོང་གི་ངོ་བོ་གཅིག་གྱུར་ཡོད་པའི་དངོས་དོན་ནི་རྩོད་མེད་རེད། བོད་མི་རིགས་ལ་ཐུན་མོང་གི་ལོ་རྒྱུས་ཡོད་པ་མ་ཟད། ཆབ་སྲིད་དང་འཛིན་སྐྱོང་ཁ་ཐོར་བའི་དུས་སྐབས་བྱུང་མིན་ལ་མ་ལྟོས་པར་ཆོས་དང༌། ལེགས་བྱང༌། ཤེས་ཡོན། སྐད་ཡིག འཚོ་བའི་གནས་སྟངས། ས་ཁམས་ཁོར་ཡུག་བཅས་ཀྱི་ཆ་ནས་མུ་མཐུད་གཅིག་གྱུར་དུ་གནས་ཡོད། ས་བབ་ཀྱི་ཆ་ནས་བོད་མི་རྣམས་མཐོ་སྒང་བོད་ཀྱི་སར་བར་མཚམས་མ་ཆད་པར་མུ་འབྲེལ་ནས་གནས་ཡོད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ནས་བོད་མི་རྣམས་མཐོ་སྒང་བོད་དུ་གནས་སྡོད་བྱེད་ཀྱི་ཡོད་སྟབས། བོད་མི་རྣམས་ནི་མཐོ་སྒང་བོད་ཀྱི་གདོད་མའི་མི་རིགས་ཡིན། རྩ་ཁྲིམས་སུ་གསལ་བའི་མི་རིགས་ས་གནས་རང་སྐྱོང་གི་ལྟ་གྲུབ་དང་མཐུན་པར་དངོས་དོན་ཐོག་བོད་མི་རྣམས་མི་རིགས་གཅིག་གི་ངོ་བོར་མཐོ་སྒང་བོད་ཀྱི་ས་ཁུལ་ཡོངས་སུ་རྫོགས་པར་ཁྱབ་ནས་གནས་ཡོད།
    གོང་གསལ་བོད་མིའི་གཞི་རྩའི་དགོས་མཁོ་རྣམས་ཀྱི་ཐོག་རང་སྐྱོང་ལག་ལེན་བྱེད་དེ་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་རྣམས་སྲུང་སྐྱོབ་དར་སྤེལ་གཏོང་བའི་སྒོ་ནས་བོད་ཀྱི་ཡར་རྒྱས་ཡོང་བ་བྱེད་པར་ད་ལྟ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་སྐྱོང་གི་གནས་བབ་སྤྲད་པའི་བོད་རིགས་ས་ཁུལ་ཚང་མ་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་ཚུད་པ་བྱེད་དགོས། ད་ཡོད་འཛིན་སྐྱོང་གི་དབྱེ་བ་འདིས་བོད་མི་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྗོངས་དང་ཞིང་ཆེན་མང་པོའི་ནང་འཛིན་སྐྱོང་བྱེད་ཀྱི་ཡོད་སྟབས། དུམ་བུར་ཁ་གྱེས་པ་དང༌། ཡར་རྒྱས་དོ་མཉམ་མི་ཡོང་བའི་རྐྱེན་བྱེད་ཀྱི་ཡོད། དེ་བཞིན་དུ་བོད་མིའི་ཐུན་མོང་གི་ངོ་བོ་དང༌། ལེགས་བྱང༌། ནང་དོན་རིག་པའི་སྲོལ་རྒྱུན་བཅས་པ་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུའི་ནུས་པ་ཉམས་གུད་གཏོང་གི་ཡོད། སྲིད་བྱུས་འདིས་མི་རིགས་གཅིག་གྱུར་གྱི་ངོ་བོ་ལ་བརྩི་བཀུར་བྱེད་རྒྱུའི་ཚབ་ཏུ་མི་རིགས་ཁ་བྲལ་དང༌། བོད་མི་རིགས་ཀྱི་གཅིག་གྱུར་ངོ་བོ་ལ་འགོག་རྐྱེན་དང་རང་སྐྱོང་གི་དགོངས་དོན་རྩིས་མེད་གཏོང་གི་ཡོད།
རང་སྐྱོང་གི་ངོ་བོ་དང་སྒྲོམ་གཞི།
    མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པའི་ནང་བོད་མིར་སོ་སོའི་དགོས་མཁོ་དང་ཁྱད་ཆོས་དང་འཚམས་པའི་ས་གནས་གཞུང་དང༌། གཞུང་གི་སྒྲིག་འཛུགས་ཁག དེ་བཞིན་ལམ་ལུགས་བཅས་བཟོ་རྒྱུའི་ཐོབ་ཐང་ཡང་ཚུད་ཡོད། རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་ས་གནས་ནང་ཁུལ་གྱི་གནད་དོན་ཚང་མའི་ཐོག་ཁྲིམས་བཟོ་རྒྱུའི་དབང་ཆ་དང༌། རང་སྐྱོང་གཞུང་གི་ལས་ཁུངས་ཁག་ལ་ལག་བསྟར་དབང་ཆ་དང་རང་དབང་གི་སྒོ་ནས་ཐག་གཅོད་བྱེད་རྒྱུའི་དབང་ཆ་ཡོད་དགོས་པ་ཡིན། དབུས་གཞུང་རྒྱལ་ཁབ་རིམ་པའི་ཐག་གཅོད་བྱེད་མཁན་ཁོངས་ངོ་ཚབ་ཡོད་པ་དང་དོན་སྙིང་ལྡན་པའི་ཆ་ཤས་བླང་རྒྱུ་ཡང་རང་སྐྱོང་ནང་ཚུད་ཀྱི་ཡོད། རང་སྐྱོང་ཚགས་ཚུད་པོ་ཡོང་བར་གྲོས་བསྡུར་བྱེད་རྒྱུའི་ཐབས་ལམ་ཕན་ནུས་ཅན་དང༌། ཕན་ཚུན་འབྲེལ་ལམ་ཉེ་པོའམ་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཁག་དབུས་དང་ས་གནས་ཀྱི་གཞུང་གཉིས་ཟུང་འབྲེལ་གྱི་ཐོག་ནས་ཐག་གཅོད་བྱེད་རྒྱུའི་ཐབས་ལམ་ཡོད་དགོས།
མིང་དོན་མཚུངས་པའི་རང་སྐྱོང་གི་ཆ་རྐྱེན་གལ་ཆེ་ཤོས་གཅིག་ནི་རྩ་ཁྲིམས་དང་ཁྲིམས་ཡིག་གཞན་ནས་རང་སྐྱོང་ས་གནས་ལ་སྤྲད་པའི་དབང་ཆ་དང་ལས་འགན་རྣམས་ཕྱོགས་གཅིག་རྐྱང་པའི་ངོས་ནས་རྩིས་མེད་དམ་བཟོ་བཅོས་མི་ཆོག་པའི་འགན་ལེན་བྱེད་རྒྱུ་དེ་རེད། དེའི་གོ་དོན་ནི་དབུས་དང་རང་སྐྱོང་ས་གནས་ཀྱི་གཞུང་སུ་ཡིན་རུང་ཕྱོགས་གཞན་གྱི་བཀའ་འཁྲོལ་མེད་པར་ཕྱོགས་གཅིག་རྐྱང་པའི་ངོས་ནས་རང་སྐྱོང་གི་གཞི་རྩའི་ཆ་རྐྱེན་ཁག་ལ་འགྱུར་བཅོས་གཏང་མི་ཆོག་པ་དེ་རེད
    མིང་དོན་མཚུངས་པའི་རང་སྐྱོང་བྱེད་པར་དཔེར་ན་དབང་ཆ་ཆ་བགོས་དང༌། དེ་བཞིན་དབུས་དང་རང་སྐྱོང་ས་གནས་གཞུང་གཉིས་བར་གནད་དོན་བྱེ་བྲག་པའི་ཐོག་སོ་སོའི་ལས་འགན་ཆ་བགོས་གསལ་པོ་དགོས་ཀྱི་ཡོད། ད་ལྟའི་ཆར་དེ་འདྲའི་གསལ་ཁ་མེད་པ་མ་ཟད། རང་སྐྱོང་ས་གནས་ཀྱི་ཁྲིམས་བཟོའི་དབང་ཚད་གཏན་མ་འཁེལ་བ་དང་འགོག་རྐྱེན་ཚབས་ཆེ་ཡོད་མུས་རེད། དེར་བརྟེན་ཕྱོགས་གཅིག་ནས་རྩ་ཁྲིམས་ནང་རང་སྐྱོང་ས་གནས་ལ་གནད་དོན་མང་པོའི་ཐོག་ཁྲིམས་བཟོ་རྒྱུའི་དམིགས་བསལ་དགོས་མཁོ་ངོས་འཛིན་བྱས་ཡོད་ཀྱང༌། དེ་དག་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅུ་དྲུག་གཞིར་བཟུང་དབུས་གཞུང་གི་ལས་ཁུངས་མཐོ་ཤོས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ནས་བཀའ་འཁྲོལ་འཐོབ་དགོས་ཀྱི་ཡོད་སྟབས་རང་སྐྱོང་གི་ལྟ་གྲུབ་འདི་དག་ལག་བསྟར་བྱེད་པར་འགོག་རྐྱེན་བཟོ་ཡི་ཡོད། དངོས་སུ་དེ་འདྲའི་བཀའ་འཁྲོལ་དགོས་པར་འཁོད་པ་དེ་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ཁོ་ན་རེད་འདུག རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་དཀྱུས་མ་ཁག་རང་སྐྱོང་མ་ཡིན་པ།ལ་དེ་འདྲའི་བཀའ་འཁྲོལ་དགོས་ཀྱི་མེད་པ་མ་ཟད། གཏན་འབེབས་བྱས་པའི་སྲོལ་ཡིག་རྣམས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ལ་ཐོ་འགོད་ཆེད་སྙན་གསན་ཙམ་ལས་ཞུ་དགོས་ཀྱི་མེད།རྩ་ཁྲིམས་དོན་ཚན་བརྒྱ་ཐམ་པ། རང་སྐྱོང་དངོས་སུ་ལག་བསྟར་བྱེད་ཕྱོགས་ཀྱང་རྩ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་གཞིར་བཟུང་ཁྲིམས་དང་སྲོལ་ཡིག་མང་དག་ཅིག་ལ་བསྟུན་དགོས་པ་བཟོས་ཡོད། ཁྲིམས་ཁ་ཤས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཀྱི་ཡོད་པ་དང༌། ཁ་ཤས་ནི་ཕན་ཚུན་མི་མཐུན་པ་ཡོང་གི་ཡོད། དེར་བརྟེན་རང་སྐྱོང་གི་ཚད་གཞི་ངོ་མ་དེ་གང་ཡིན་མིན་གསལ་པོ་མེད་པ་དང་གཏན་མ་འཁེལ་བ་ཆགས་ཡོད། གང་ཡིན་ཟེར་ན་རྒྱལ་ཁབ་ཀྱི་ལས་ཁུངས་གོང་མས་ཁྲིམས་དང་སྲོལ་ཡིག་གཏན་ལ་ཕབ་པ་དང༌། ཐ་ན་སྲིད་བྱུས་འགྱུར་བ་བཏང་བ་སོགས་ཕྱོགས་གཅིག་རྐྱང་པའི་ངོས་ནས་འགྱུར་བ་བཏང་གི་ཡོད། དབུས་དང་ས་གནས་གཞུང་བར་རང་སྐྱོང་གི་ཚད་གཞི་དང་ལག་བསྟར་བྱེད་ཕྱོགས་སྐོར་མི་མཐུན་པ་བྱུང་ན་དེ་དག་ཐག་གཅོད་བྱེད་ཐབས་སམ་གྲོས་བསྡུར་བྱེད་རྒྱུའི་བརྒྱུད་ལམ་འདེང་ངེས་མེད། དོན་དངོས་ཐོག་གཏན་འབེབས་གསལ་པོ་མེད་པ་དེས་ས་གནས་ཀྱི་དབང་འཛིན་པ་ཚོས་ལས་དོན་འགན་འཁུར་བླང་རྒྱུར་འགོག་རྐྱེན་དང༌། ད་ལྟའི་ཆར་བོད་མི་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་བྱེད་པར་འགོག་རྐྱེན་བཟོས་ཀྱི་ཡོད་ཅེས་གསལ་ཡོད་པ་རེད།།

    དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་མཇུག་བསྒྲིལ་བ།

བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་དོན་ཚན་ང་དགུ་པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ་ཟླ་འདིའི་ཚེས་༡༧ ནས་ཉིན་དྲུག་རིང་འཚོགས་ཏེ། མཐའ་མར་ཚོགས་ཆེན་གྱི་སྙན་ཐོ་དོན་ཚན་ལྔ་ཅན་ཞིག་གཏན་འབེབས་གནང་ཡོད་པ་རེད། འབྱུང་འགྱུར་བོད་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་བསྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང༌། མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ། ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང་རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང་ཡོད་པ་རེད། སྙན་ཐོ་འདི་མཐའ་མའི་ཐག་གཅོད་མ་ཡིན་པར་ྋགོང་ས་མཆོག་ལ་སྙན་སེང་ཞུས་རྗེས་ཐག་གཅོད་ལག་ལེན་བསྟར་ཕྱོགས་བཀའ་བསྡུར་གནང་འཆར་ཡོད་པ་རེད།

    ཚོགས་ཐོག་ཏུ་དཔལ་ལྡན་བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་༨ སྤྱི་འཐུས་༤༡ བཀའ་ཟུར་གྲངས་༡༨ སྤྱི་ཟུར་༣༢ དབུས་ཀྱི་གཞུང་ཞབས་སྲི་ཞུ་བ་༦༦ ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ་༢ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་༡༠ རྒྱ་བལ་འབྲུག་གསུམ་གྱི་ས་གནས་ཁག་གི་འགོ་འཛིན་༤༦ ས་གནས་འཐུས་མིའི་ཚོགས་འདུ་ཁག་དང༌། ས་འཐུས་མེད་པའི་ས་གནས་མི་མང་གི་སྐུ་ཚབ་བཅས་༧༨ ས་གནས་རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་༦༠ ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་༣༢ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་བཅུའི་སྐུ་ཚབ་༢༠ སློབ་གྲྭ་ཁག་གི་འགན་འཛིན་སྐུ་ཚབ་༥༨ ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྐུ་ཚབ་༣༠ རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་༡༡ རྒྱ་བལ་འབྲུག་གསུམ་དང༌། དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དང་བླངས་ཕེབས་མཁན་༤༨ བཅས་ཁྱོན་བསྡོམས་ཚོགས་བཅར་བ་༥༦༠ རྒྱལ་ཁབ་གྲངས་༡༩ ནས་ཚོགས་འཛོམས་བྱུང་ཡོད་པ་རེད།
    ཟླ་འདིའི་ཚེས་༢༥ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་ལ་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཆུང་བཅོ་ལྔའི་སྙན་ཐོ་ཕྱོགས་བསྡོམས་གནང་སྟངས་ག་འདྲ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་¿སྤྱི་འཐུས་ཚོགས་གཙོ་གཉིས་བཀའ་བློན་ཁྲི་པ་དང་མཉམ་དུ་བཀའ་བསྡུར་ཞུས་ནས། བསྡོམས་རྒྱག་སྟངས་ལ་དོན་ཚན་ལྔ་ཅན་གྱི་སྒྲོམ་གཞི་ཞིག་ཡོད་པ་རེད། ཚོགས་ཆུང་ཁག་བཅོ་ལྔའི་ཚོགས་གཙོ་ཁག་འཛོམས་པའི་ཐོག་དོན་ཚན་ལྔ་དེ་ག་འདྲ་འདུག་ཞུ་དུས་ཚོགས་ཆུང་ཚང་མའི་ཚོགས་གཙོ་ཁ་གཅིག་གྲགས་ཀྱིས་ཡག་པོ་འདུག་གསུངས་པ་རེད། དེ་ནས་དོན་ཚན་རེ་རེ་བཞིན། ྋགོང་ས་མཆོག་དང་འབྲེལ་བའི་གནས་ཚུལ། རྒྱ་ནག་གཞུང་དང༌། བོད་གཞུང་གི་སྲིད་བྱུས་དང་འབྲེལ་བའི་གནས་ཚུལ་སོགས་དོན་ཚན་རེ་རེ་བཞིན་གོ་བསྡུར་གནང༌། ཚིག་ལ་བཟོ་བཅོས་ཅུང་ཙམ་རེ་བརྒྱབ་པ་མ་གཏོགས། དོན་དག་ཚང་མ་སྤྱི་མོས་ཐོག་ལ་ཕྱིན་སོང་ཞེས་¿གསུངས་སོང༌།
    ཚོགས་མི་ཁག་གི་བསམ་ཚུལ་མཐའ་མའི་ཕྱོགས་བསྡོམས་དེ་ཐག་གཅོད་གནང་ཕྱོགས་དང༌། ལག་ལེན་བསྟར་ཕྱོགས་ག་འདྲ་གནང་དགོས་པ་རེད་ཅེད་བཀའ་འདྲི་ཞུས་པར། ཁོང་གིས་¿དེ་ངེད་གཉིས་ཚོགས་གཙོ་གཉིས་ཀྱིས་ལམ་སེང་ཞུ་ཐུབ་ཀྱི་མ་རེད། གཙོ་བོ་ཚོགས་འདུ་དེ་འཚོག་དགོས་པ་རེད་ཅེས་བཀོད་ཁྱབ་གནང་མཁན་ྋགོང་ས་མཆོག་རེད། ཚོགས་ཆེན་གྱི་ཕྱོགས་བསྡོམས་ཀྱི་སྙན་ཐོ་ཙམ་མིན་པར། ཚོགས་ཆུང་ཁག་གི་སྙན་ཐོ་དང་བཅས་ཏེ་སྐུ་སྒེར་ཡིག་ཚང་ལ་ཕུལ་རྒྱུ་རེད། གཙོ་བོ་དེ་ྋགོང་ས་མཆོག་དང་བཀའ་ཤག་གིས་དགོངས་པ་བཞེས་རྒྱུ་རེད་བསམ་གྱི་འདུག ྋགོང་ས་མཆོག་གིས་གྲོས་ཚོགས་ནང་ནས་བྱེད་དགོས་པ་ཡོད་ན་བྱེད་དགོས་པ་རེད་གསུངས་ན་གྲོས་ཚོགས་ཀྱིས་ཞབས་ཕྱི་ཞུ་རྒྱུ་རེད། དེ་མིན་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དྲུག་གི་འབྲུ་དོན་བཞིན། གལ་ཆེ་ཤོས་དེ་བོད་ཀྱི་རྩ་དོན་གྱི་ཐོག་ལ་བོད་གཞུང་གི་སྲིད་བྱུས་འཛིན་སྟངས་ནང་དོན་ཚན་གསུམ་ཡོད་པ་རེད། ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་སྲིད་བྱུས་ཀྱི་འགྱུར་བ་དང་ཐག་གཅོད་ག་འདྲ་གནང་ནའང༌། དེའི་ཐོག་བོད་མི་ཚང་མས་བརྩི་བཀུར་ཞུ་ཡི་ཡིན་ཟེར་བ་སྤྱི་མོས་ཐོག་ནས་ཡོད་པ་རེད། ལམ་དབུ་མ་མུ་མཐུད་རྒྱུན་སྐྱོང་བྱས་ན་འགྲིག་གི་འདུག་ཟེར་བ་དེ་མང་མོས་རེད། དུས་ཚོད་ཐུང་ཐུང་ནང་ལམ་དབུ་མ་ལ་རྒྱ་མིས་འབྲས་བུ་ཐོན་པའི་ཡ་ལན་མ་བྱས་ན། རང་བཙན་དང་རང་ཐག་རང་གཅོད་ཐོག་འགྲོ་དགོས་པ་རེད་བཤད་མཁན་ཡང་མང་པོ་ཡོད་པ་རེད། ྋགོང་ས་མཆོག་གིས་ཐུགས་ཐག་བཅད་ན་ནི་ཚང་མས་སྐུ་དབང་ཕུལ་བཞག་ཡོད་པ་རེད། ལམ་དབུ་མ་དང༌། རང་བཙན་གཙང་མ། རང་ཐག་རང་གཅོད་ཐོག་ཁྱེད་རང་ཚོ་གྲོས་བསྡུར་གྱིས་ཤོག་གསུངས་པ་དང༌། ཡང་ན་དེའི་ཐོག་མི་མང་ནས་མང་མོས་འོས་བསྡུ་ཐག་གཅོད་དགོས་པ་རེད་བཀའ་གནང་ན་དེ་ལུགས་ཀྱིས་འགྲོ་དགོས་པ་རེད་¿ཅེས་འགྲེལ་བརྗོད་གནང་སོང༌།།

རང་སྐྱོང་དགོས་པ་དེ་ཏིང་ཞོ་ཕིང་གི་སྐད་ཆའི་རྗེས་སུ་བྱུང་བ་ཞིག་མ་རེད།

ཟླ་འདིའི་ཚེས་༢༣ ཉིན་ྋགོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་དུ་ཕེབས་པའི་ཚོགས་མི་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་མཇལ་འཕྲད་དང་བཅས་བཀའ་སློབ་ལམ་སྟོན་གནང་ཡོད་པ་དང༌། དེ་ཡང་བཙན་བྱོལ་ནང་སློབ་གྲྭ་བཙུགས་པའི་བརྒྱུད་རིམ། ཤེས་ཡོན་གྱི་སྐོར། འཛིན་སྐྱོང་ཡར་རྒྱས་གཏོང་ཕྱོགས་སྐོར། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་དེ་ཏིང་ཞོ་ཕིང་གི་སྐད་ཆའི་རྗེས་སུ་བྱུང་བ་ཞིག་མིན་ཚུལ་སོགས་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།
    དེའི་སྐབས་ྋགོང་ས་མཆོག་གིས་དམིགས་བསལ་ཚོགས་ཆེན་སྐོར་དང་འབྲེལ་བའི་བཀའ་སློབ་གནང་དོན། དེ་རིང་འདིར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་གྱི་བཟོ་འདྲ་བྱུང་བ་རེད། ཁ་སང་མགོ་སྟོད་ནས་རེ་འདུན་བྱས་པ་ཡིན་ལ། བོད་གངས་ཅན་ལྗོངས་ཀྱི་སྤྱི་འབངས་གཅིག་གྱུར་ཐོག་ནས། འདྲ་མཉམ་ཁུར་མཉམ་ལེན། འཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་གོ་བསྡུར་བྱེད་རྒྱུའི་རེ་བ་ཡོད་ལབ་པ་ནང་བཞིན། དེ་རིང་ཁྱེད་རང་ཚོའི་གོ་བསྡུར་ངས་ཞིབ་ཕྲ་ཤེས་མ་བྱུང་མོད། ཕལ་ཆེར་ཡག་པོ་བྱུང་ཡོད་པ་འདྲ། ཚོགས་འདུ་དམིགས་རྒྱུ་དེ་རྒྱ་བོད་འབྲེལ་ལམ་སྐོར་ལ་དམིགས་པ་རེད་དེ། དངོས་གཞི་ཚོགས་པའི་སྐབས་སོ་སོས་མཐོང་ཚུལ་དང་མཉམ་མྱོང་གི་ཐོག་ནས་ཤེས་ཡོན་གྱི་སྐོར་དང༌། འཕྲོད་བསྟེན་གྱི་སྐོར། གང་ལྟར་ང་ཚོའི་ལས་རིགས་ཚང་མའི་ནང་ཡར་རྒྱས་གཏོང་དགོས་ས་དང༌། འཐུས་ཤོར་འགྲོ་ཡི་ཟེར་ནས་རེ་འདུན་འདོན་མཁན་ཡོང་གི་ཟེར་བ་ཞིག་ངས་གོ་སོང༌། ལོ་འཁོར་ལས་བསྡོམས་ཚོགས་ཆེན་འཚོགས་པའི་བཟོ་འདྲ་བྱུང་འདུག རབ་ཡིན་ན་ལོ་རེའི་ནང་ཚོགས་འདུ་དེ་ལྟ་བུ་འཚོག་ཐུབ་ན་ཡག་པོ་མེད་འགྲོ་དྲན་སོང༌། ཕྱི་རྒྱལ་ཁག་ནས་ཡོང་གི་ཡོད་པ་རེད། ཁྱེད་རང་ཚོར་བློ་གྲོས་ག་རེ་སྟོན་རྒྱུ་འདུག སྐད་ཆ་ག་རེ་བཤད་རྒྱུ་འདུག རབ་ཡིན་ན་ཕྱི་རྒྱལ་ནས་ཉམས་མྱོང་ཨོ་ཙམ་ཡོད་མཁན་ཚོ་རྒྱ་གར་ནང་དུ་ཟླ་བ་ཁ་ཤས་ལ་དུས་ཚོད་བཏང་ནས་ལས་ཀ་གྱིས་དང༌། ཡག་པོ་འདུག རབ་ཡིན་ན་ལོ་རེའི་ནང༌། དེ་མ་ཡོང་ན་ལོ་ནར་འགྱངས་དེ་འདྲ་བྱས་ནས། ཅིག་ཚོགས་ནས་ཁྱེད་རང་འདོད་པ་ཁེངས་པ་འདྲ་བྱུང་ངམ། ག་འདྲ་བྱུང་སོང༌། དུས་དུས་ལ་འཚོག་གི་ཡིན་ན། ཁྱེད་རང་ཚོ་ཚང་མའི་སེམས་ནང་ཁུར་གསར་པ་འདྲ་སླེབས། དོ་སྣང་གསར་པ་སླེབས། གནས་ཚུལ་མང་པོ་རྟོགས། ང་ཚོ་ཚང་མ་སྤྱི་དོན་འཕྱར་བ་གྲུ་འདེགས། ཁུར་མཉམ་ལེན་ཡོང་རྒྱུ་ལ་ཕན་གྱི་འདུག དེ་མིན་བྲལ་ནས་བསྡད་ན། དུས་དུས་སུ་བཀའ་ཤག་དང་སྤྱི་འཐུས་འཁྱུག་ཙམ་འཁྱུག་ཙམ་ཡོང༌། དེ་འདྲ་ཞིག་རེད། དོན་དག་སྙིང་པོ། མི་ལ་བརྟན་ཆ་མེད་ན། བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། བརྟན་ཆ་ཡར་རྒྱས་འགྲོ་རྒྱུ་དེ་གཞིས་ཆགས་ཁག་གི་ལས་འགན་ཆགས་བསྡད་ཡོད་པ་རེད། དེ་ཚོ་སྲ་ཐག་ཐག་དང༌། ད་དུང་མུ་མཐུད་ནས་ཡར་རྒྱས་གཏོང་རྒྱུར་ག་རེ་བྱེད་དགོས་ཀྱི་འདུག་བསམ་བློ་གཏོང་དགོས་ཀྱི་འདུག ས་གནས་སོ་སོ་ནས་གསར་གཏོད་བྱེད་རྒྱུ་དེ་གལ་ཆེན་པོ་རེད། བཀའ་འདྲ་ཞིག་འབྱོར་དུས་འགུལ་བསྐྱོད་འདྲ་བརྒྱབ། གཞན་སྡོད་སྡོད་པ་དེ་འདྲ་མ་རེད། ས་གནས་ས་ཐོག་ནས་འགུལ་བསྐྱོད་ག་འདྲ་རྒྱག་རྒྱུ་འདུག གསར་གཏོད་ག་རེ་བྱེད་རྒྱུ་འདུག དེ་གལ་ཆེན་པོ་རེད། དབུས་ནས་སྟངས་འཛིན་བྱེད་པའི་བཟོ་འདྲ་བྱས་ན། ཆ་ཚང་ཤེས་ཀྱི་མ་རེད། འཁྱོལ་ཡང་ཐུབ་ཀྱི་མ་རེད། ས་གནས་སོ་སོ་ནས་འདི་འདྲ་བྱས་པ་ཡིན། འདི་བྱས་ན་ཡག་པོ་འདུག་ཟེར་ནས་བསམ་འཆར་ཡར་བཤད་ཆོག་གི་རེད། གཞིས་ཆགས་ཁག་སྲ་ཐག་ཐག་དང༌། ཚགས་ཚུད་པོ། ཡར་རྒྱས་འགྲོ་ཐུབ་རྒྱུར་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། གཙོ་བོ་དེ་ཤེས་ཡོན་རེད། དེ་གཉིས་གཙོ་བོ་ཡིན། ཚོགས་འདུའི་སྐོར་ལ་ཞིབ་ཕྲ་བཤད་རྒྱུ་གང་ཡང་མེད། ང་བར་གནས་བྱས་ནས་བསྡད་བསྡད་ཡོད། ཁ་སང་མགོ་སྟོད་ནས་ལབ་པ་ཡིན་ལ། ང་ཚོས་ལམ་སེང་ཐག་གཅོད་བྱེད་ཐུབ་པ་ཡོང་གི་མ་རེད། སྔོན་ལ་ཁ་ཚ་དགོས་གཏུགས་ཀྱིས་ལྡི་ལིར་ང་ཚོའི་རྒྱབ་སྐྱོར་ཚོགས་པ་ཁག་འཚོག་གི་རེད། ཁོ་རང་ཚོའི་དགོངས་འཆར་སློབ་སྟོན་ག་རེ་འདུག གཙོ་བོ་ང་ཚོས་ཞིབ་འཇུག་བྱས་པའི་བཟོ་འདྲ་ཞིག མ་གཞི་ང་ཚོར་སྤྱི་འཐུས་དང༌། བཀའ་བློན་འཛིན་སྐྱོང་ཡོད་པ་རེད། ཡིན་ནའང་ཞིབ་འཇུག་བྱེད་མཁན་སྲ་ཐག་ཐག་ཅིག་བྱུང་བ་ཡིན་ན། དེ་འདྲ་ང་ཚོར་འདང་གི་ཡོད་ན་མེད་ན། འདང་གི་ཡོད་ན་དེ་རེད། འདང་གི་མེད་ན་ཅིག་བྱུང་ན་ག་འདྲ་འདུག བསམ་བློ་གཏོང་རྒྱུ་རེད། ལམ་སེང་ཐག་ཆོད་རྒྱུ་མ་རེད། གོ་བསྡུར་བྱེད་རྒྱུ་རེད། རྒྱ་མིའི་ངོས་ནས་ག་འདྲ་བྱེད་ཀྱི་འདུག མང་ཆེ་བས་སྤྱི་ཡོངས་ཀྱི་མཐོང་ཚུལ་དེ་དབུ་མའི་ལམ་ཟེར་ནས་མིང་དེ་བཏགས་ཡོད་པ་རེད། དོན་དག་སྙིང་པོ་རང་སྲིད་རང་སྐྱོང་གཙང་མ་ཡོང་བ་ཞིག དེ་རྒྱ་མིའི་རྩ་ཁྲིམས་ནང་ལ་བཀོད་བཞག་པ་ཞིག་རེད། གསལ་ཡོད་པ་ཞིག་རེད། དེ་བཞིན་མི་རིགས་ཀྱི་ཐོབ་ཐང་ནང་གི་ཡིག་ཆ་ཚོའི་ནང་ལ་ཡོད་བཞག་པ་ཞིག་རེད། དེ་ལ་འབད་བརྩོན་བྱས་བསྡད་པ་དེ། མང་བས་དེ་ལ་རྒྱབ་སྐྱོར་ཡོད་པ་དང༌། མོས་མཐུན་ཡོད་པའི་རྣམ་འགྱུར་ཐོན་ཡོང་གི་ཡོད་པ་འདྲ། དེ་ང་དགའ་བོ་བྱུང༌། ཡག་པོ་རེད། དེ་ངས་གསལ་བཤད་ཅིག་དགོས་ཀྱི་ཡོད། ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྐྱོང་ཞེས་པ་དེ་ཏིང་ཞའོ་ཕིང་གིས་རང་བཙན་མ་བརྩད་ན་ག་རེ་ཡིན་ཡང་གྲོས་བསྡུར་བྱེད་ཆོག་གི་རེད་ཅེས་པའི་སྐད་ཆ་བྱུང་བའི་རྗེས་ནས་བསམ་ཚུལ་དེ་བྱུང་བ་མ་རེད། ༡༩༧༤ ལོ་ནས་གོ་བསྡུར་གནང་ཡོད་པའི་བརྒྱུད་རིམ་བཅས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།།  

འབར་རྫས་ཀྱི་དོན་རྐྱེན་འོག་ནས་འཇུ་བཟུང༌།

ཕྱི་ལོ་༢༠༠༨ཟླ་༣ཚེས་༡༠ ཉིན་ནས་བཟུང་བོད་ས་ཡོངས་སུ་རྫོགས་པའི་རྩམ་ཟན་བོད་མི་ཚང་མས་རྒྱ་ནག་དམར་པོའི་མི་སྤྱོད་ལས་འདས་པའི་མནར་གཅོད་དེ་དག་ལ་མི་བཟོད་པར་ཞི་བའི་ལས་འགུལ་སྣ་ཚོགས་སྤེལ་བར་རྒྱ་དམར་ནས་དྲག་གནོན་གྱིས་བོད་མི་གྲངས་ལས་འདས་པ་དམར་གསོད་དང་འཛིན་བཟུང་ཕྱོགས་གང་ས་ནས་བྱས་པ་དང༌། དེ་བཞིན་ས་གནས་གང་སར་རྒྱལ་གཅེས་ཆོས་གཅེས་ལས་འགུལ་མི་མཐུད་དུ་སྤེལ་བ་དང་ཐ་ན་གཟུགས་མཐོང་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར་ཐོག་ཏུ་ཡང༌། ྋགོང་ས་མཆོག་ལ་མཚན་སྨད་དང༌། ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དགོས་པའི་ལོག་བཤད་སྣ་ཚོགས་བྱས་པ་སོགས་བྱས་པའི་བྱ་སྤྱོད་དེ་དག་ལ་བོད་མི་རྣམས་བཟོད་མི་ཐུབ་པར་༢༠༠༨ ཟླ་༩ ཚེས་༨ ཉིན་སྨར་ཁམས་རྫོང་དུ་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་རང་ལོ་༡༩ ཡིན་པའི་ཕོ་གསར་ངག་དབང་བསྟན་འཛིན་དང༌། རང་ལོ་༡༩ ཡིན་པའི་འོད་ཟེར་དགོན་པའི་དགེ་འདུན་པ་བསྟན་འཛིན་ནོར་བུ། རང་ལོ་༡༩ ཡིན་པ་འོད་ཟེར་དགོན་པའི་དགེ་འདུན་པ་བསྟན་འཛིན་རིན་ཆེན་གསུམ་གྱིས་ངོ་རྒོལ་མཚོན་བྱེད་དུ་མི་གཅིག་ཙམ་ལ་ཡང་རྨས་སྐྱོན་མེད་པའི་ཐབས་ལམ་ཐོག་སྨར་ཁམས་རྫོང་གཟུགས་མཐོང་བརྙན་འཕྲིན་གྱི་འཕྲུལ་ཆས་ཨ་མར་འབར་རྫས་བརྒྱབ་སྟེ་གར་སོང་ཆ་མེད་དུ་གྱུར་འདུག
    སྐབས་དེར་སྨར་ཁམས་རྫོང་གི་ཉེན་རྟོག་པས་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲུལ་ཆས་ཨ་མར་འབར་རྫས་འཇོག་མཁན་ཁོང་གསུམ་ཡིན་པའི་དོགས་གཞིའི་འོག་ཕྱི་ཟླ་༡༠ ཚེས་༢༤། ༢༥།༢༦ ལ་ཀོང་གསུམ་གྱི་ཕ་རྒན་བདེ་ཆེན་རྡོ་རྗེ་དང༌། ངག་དབང་ཚུལ་ཁྲིམས། རིན་ཆེན་བསམ་གཏན་གསུམ་བཙོན་ཁང་དུ་བཅུག་ནས་གོང་གི་བྱས་སྤྱོད་དེ་དག་རྒྱུན་དུ་ཕ་མ་རྣམས་ཀྱིས་བུ་ཕྲུག་ལ་སློབ་གསོ་མ་བརྒྱབ་པས་རེད་ཅེས་བརྗོད་ནས་ཉེས་རྡུང་ཚད་མེད་བཏང་ཡོད་འདུག ཉིན་ཤས་རྗེས་སུ་རིན་ཆེན་བསམ་གཏན་གྱི་བུ་བསྟན་འཛིན་རིན་ཆེན་ཉེན་རྟོག་པས་རྐང་པར་མེ་མདའ་བརྒྱབ་ཏེ་འཛིན་བཟུང་བྱས། དེ་རྗེས་ཁོང་གི་ཕ་ལ་ཉེས་རྡུང་དྲག་པོ་ཞིག་བཏང་ནས་གློད་བཀྲོལ་བཏང་ཡོད་འདུག་ཀྱང༌། ངག་དབང་བསྟན་འཛིན་དང་གྲྭ་བསྟན་འཛིན་ནོར་བུ་གཉིས་རང་ཉིད་ཀྱི་ཕ་ལ་ཉེས་རྡུང་ཚད་ལས་འདས་པ་གཏོང་བཞིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འཕྲལ་སེམས་ཀྱིས་མ་བཟོད་པར་ཆབ་མདོ་ས་ཁུལ་ཉེན་རྟོག་པར་ནག་ཉེས་ངོས་ལེན་ཞུས་ཡོད་ཀྱང༌། ཁོང་གཉིས་ཀྱི་ཕ་རྒན་གཉིས་༢༠༠༨ ཟླ་༡༡ ཚེས་༩ བར་གློད་ཀྲོལ་བཏང་མི་འདུག
    ད་བར་སྨར་ཁམས་རྫོང་དུ་འབར་རྫས་གས་སྐྱོན་ཐེངས་དགུ་ཙམ་བྱུང་ཡོད་ཀྱང༌། རྫོང་གི་ཁང་པ་སོགས་ལ་གཏོར་སྐྱོན་བྱུང་བ་ལས་མི་གཅིག་ལ་སྲོག་གི་གནོད་པ་ཕར་བཞག རྨ་ཙམ་ཡང་བྱུང་མེད་པ་ནི་ཞི་བའི་ལས་འགུལ་ཞིག་དང་འདྲ་མཚུངས་ཡིན་པ་རེད། སྨར་ཁམས་ཁུལ་དུ་སྐྱ་སེར་གཉིས་ཀྱིས་ལས་འགུལ་དེ་དག་སྤེལ་བ་ནི། རྒྱ་ནག་གཞུང་དང་ས་གནས་ཉེན་རྟོག་པས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཁ་ཁྱེར་གྱིས་རང་སྣང་གང་དྲན་གྱི་བྱ་སྤྱོད་དེ་དག་ལ་བཟོད་ཐབས་མེད་པར་ལས་འགུལ་སྤེལ་བ་ནི་རྒྱུན་མི་ཆད་པར་བྱུང་དང་འབྱུང་ངེས་ཞིག་ཀྱང་རེད་ཅེས་སེ་ར་ཚ་བ་ཁང་ཚན་ནས་ཡིན་པའི་གྲྭ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང༌།།

 ྋགོང་ས་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་ཆིབས་བསྒྱུར།

གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༡ པའི་ཚེས་༣༠ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་རྒྱལ་ཁབ་དེའི་སྲིད་བློན་མཆོག་དང་ྋགོང་ས་མཆོག་མཇལ་འཕྲད་གནང་ཡོད་པ་རེད། སྲིད་བློན་མཆོག་གི་གཟིམས་ཤག་ཏུ་མཇལ་འཕྲད་ཀྱིས་ྋགོང་ས་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བ་དང༌། སྲིད་བློན་མཆོག་གིས་བོད་ཀྱི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཡོད་སྐོར་གསུངས་ཡོད་པ་རེད།
    ྋགོང་ས་མཆོག་ཐེངས་འདིའི་ཆིབས་བསྒྱུར་གནང་བ་དང་བསྟུན་ནེ་རྗེ་རི་ཡ་རྒྱལ་ཁབ་དང༌། པོ་ལན་ཌིར་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་ལེགས་འགྲུབ་བྱུང་ཡོད་པ་རེད། དེ་རྗེས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་མི་མང་ལ་བདེ་སྐྱིད་ཀྱི་གཞི་རྩ་བྱམས་བརྩེ་ཞེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་གནང་སྐབས། བྱམས་བརྩེ་ཡིས་མིའི་དཀའ་ངལ་མང་པོ་སེལ་གྱི་ཡོད་སྐོར་བཀའ་སློབ་གནང་ཡོད་པ་རེད། དེ་བཞིན་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་མཇལ་འཕྲད་ཀྱིས་བོད་མིར་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཡུལ་དེར་ཕེབས་པའི་བོད་མི་རྣམས་ལ་ཡང་མཇལ་ཁ་གནང་ཡོད་པ་རེད། ཟླ་འདིའི་ཚེས་༡ ཉིན་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་གསར་འགོད་གསལ་བསྒྲགས་ཤིག་གནང་བ་དང༌། རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་གི་ཡོད་པས། ཁོང་ལ་ཐུགས་འཚབ་ཆེན་པོ་ཡོད་པའི་སྐོར་དང༌། ལྷག་བསམ་རྣམ་དག་གིས་རྒྱ་ནག་ལ་འབྲེལ་བ་གནང་ཡང་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པའི་སྐོར་གསུངས་ཡོད་པ་རེད། ཟླ་འདིའི་ཚེས་༢ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་མཆོག་དང་མཇལ་འཕྲད་གནང་བདང༌། ཕྱི་དྲོ་དེར་བྷེལ་རྗམ་དུ་ཆིབས་བསྒྱུར་གནང་ཡོད་པ་རེད།།