རྒྱལ་མཆོག་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ།

ཆུང་དུས་ནས་རང་ཉིད་རྗེ་དགེ་འདུན་གྲུབ་པའི་ཡང་སྲིད་ཡིན་པ་གསལ་པོ་གསུང༌། དགུང་ལོ་གསུམ་བཞི་ནས་ཤོ་མ་ལུང་རི་ཁྲོད་དུ་ཡབ་ཀྱི་དྲུང་ནས་ཡི་གེ་འབྲེི་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན། དགུང་ལོ་བདུན་པ་ལ་ཕེབས་པ་ན། བཀྲས་ལྷུན་ཐོས་བསམ་གླིང་གི་ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་གིས་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཡང་སྲིད་དུ་ངོས་འཛིན་གནང༌། འདི་ཉིད་དགེ་ལྡན་པའི་ཁྲོད་ནས་སྤྲུལ་སྐུའི་ངོས་འཛིན་ཐོག་མ་དེ་ཡིན། དགུང་ལོ་བཅུ་པའི་ཐོག་བཀྲིས་ལྷུན་པོར་ཕེབས་ཏེ་པཎ་ཆེན་ལུང་རིགས་རྒྱ་མཚོ་ལས་རབ་ཏུ་བྱུང་བའི་མཚན་ལ་དགེ་འདུན་རྒྱ་མཚོ་གསོལ། ཚད་མ་རྣམ་འགྲེལ་བློ་རྒྱུགས་སྤྲོད་དེ་གཞུང་ཆེན་ཁག་ལ་སློབ་གཉེར་གྱི་དབུ་ཚུགས། ལོ་དེར་གནས་རྙིང་ཀུན་དགའ་བདེ་ལེགས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་བདུན་བར་དུ་པཎ་ཆེན་ཡེ་ཤེས་རྩེ་མོ་སོགས་ཀྱི་དྲུང་ནས་དབུ་ཕར་གྱི་གཞུང་ལ་གསན་བསམ་མཛད། དགུང་ལོ་བཅོ་བརྒྱད་པར་གནས་རྙིང་ཆོས་རྗེས་གདན་འདྲེན་ཞུས་པ་ལྟར། གནས་རྙིང་དགོན་སོགས་སུ་ཆོས་འཁོར་རྒྱ་ཆེར་བསྐོར། པཎ་ཆེན་ཡེ་རྩེ་བའི་སློབ་མ་འགའ་ཞིག་གིས་ཕྲག་དོག་གིས་དཔོན་སློབ་བར་དུ་ཕྲ་མ་བཅུག་པ་ལས་པཎ་ཆེན་ཡེ་ཤེས་རྩེ་མོ་ཉིད་ཀྱིས་རེ་ཞིག་ཐུགས་མི་མཉེས་པ་ཆེན་པོ་གནང་བ་དང༌། དགུང་ལོ་བཅུ་དགུ་པར་འབྲས་སྤུངས་ཆོས་རྗེ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱིས་གདན་དྲངས་པ་ལྟར་དབུས་ཕྱོགས་སུ་ཕེབས། ཆོས་རྗེ་པའི་དྲུང་ནས་གཞུང་ཆེན་དུ་མར་གསན་བསམ་རྒྱ་ཆེར་མཛད། དགུང་ལོ་ཉེར་གཅིག་པར་གནས་རྙིང་ཆོས་རྗེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉེར་གསུམ་ལ་པཎ་ཆེན་ཕྱོགས་ལྷ་འོད་ཟེར་གྱིས་གདན་དྲངས་པ་ལྟར་འཕྱོངས་རྒྱས་རི་བོ་བདེ་ཆེན་དུ་ཆོས་འཁོར་རྒྱ་ཆེར་བསྐོར། དེ་ལ་བརྟེན་ནས་སྣེ་གདོང་གོང་མ་གྲགས་པ་རྒྱལ་མཚན་པས་གཟིགས་སྐྱོང་རྒྱ་ཆེར་གནང༌། རྩེ་ཐང་འཁྱམས་ར་ཆེན་པོར་རྗེ་ཙོང་ཁ་པའི་ལྡེབས་རིས་བཞེངས་ཤིང་དགའ་ལྡན་ལྔ་མཆོད་ཀྱི་རྒྱུན་སྲོལ་བཙུགས། དགུང་ལོ་ཉེར་ལྔ་པར་ལྷ་སར་ཕེབས་ནས་མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་སྐྱེས་ཆེན་དུ་མ་བསྟེན་ནས་དབང་ལུང་མན་ངག་རྒྱ་མཚོ་ལྟ་བུ་མནོས། དགུང་ལོ་སོ་བཞི་པ་རབ་བྱུང་དགུ་པའི་མེ་སྦྲུལ་༡༥༠༩ལོར་པར་གཙང་ཕྱོགས་དང་ཆོས་འཁོར་རྒྱལ་དུ་ཕེབས། ཆོས་རྒྱལ་ཨ་མོ་གྷས་སྦྱིན་བདག་མཛད་པ་ལ་བརྟེན་ནས། ཆོས་འཁོར་རྒྱལ་གྱི་གཙུག་ལག་ཁང་ཆེན་པོ་རྨང་གཏིང་སྟེ་ལོ་གསུམ་ནས་ལེགས་གྲུབ་བྱུང༌། དགུང་ལོ་སོ་བདུན་པར་ལྷ་མོའི་བླ་མཚོའི་གནས་སྒོ་ཕྱེས། དཀར་པོ་ཀུན་གྲགས་པས་གདན་དྲངས་པ་ལྟར་བསམ་ཡས་ཞིག་གསོ་གྲུབ་པའི་རབ་གནས་གནང༌། པཎ་ཆེན་ཡེ་ཤེས་རྩེ་མོས་གདན་དྲངས་ནས་བཀའ་ཕེབས་པ་ལྟར་བཀྲིས་ལྷུན་པོའི་ཁྲི་བ་མཛད། དགུང་ལོ་ཞེ་གཉིས་པར། བཀྲས་ལྷུན་ཐོས་བསམ་གླིང་གི་བློ་བཟང་བཤེས་གཉེན་དང༌། བཀྲས་ལྷུན་ཤར་རྩེ་བློ་གྲོས་རྒྱ་མཚོ་གཉིས་ཁྲི་ཚབ་ཏུ་བཞག་ནས་འབྲས་སྤུངས་སུ་ཕེབས། དགུང་ལོ་ཞེ་གསུམ་པ་ནས་འབྲས་སྤུངས་ཁྲི་བ་མཛད། རྗེ་ཙོང་ཁ་པ་ཆེན་པོས་ཆོ་འཕྲུལ་སྨོན་ལམ་ཆེན་པོ་གསར་དུ་བཙུགས་ཏེ་མི་ལོ་ཧྲིལ་པོ་དགུ་བཅུ་གོ་གཅིག་རིང་བསྟར་ཆགས་སུ་ཚུགས་ཀྱང༌། སྡེ་སྲིད་རིན་སྤུངས་པའི་སྐབས་ནས་མི་ལོ་བཅུ་དགུའི་རིང་གསང་ཕུ་ར་སྨད་དང་ཀརྨ་པ་སོགས་ཀྱི་སྨོན་ལམ་ཚོགས་ཏེ་དགེ་ལྡན་པའི་སྨོན་ལམ་ཚོགས་རྒྱུན་བཅད་པ་རྣམས་ཕག་གྲུ་གོང་མར་ལྷ་ལྡན་དུ་སེར་འབྲས་གཉིས་སྨོན་ལམ་ཚོགས་རྒྱུན་སྐྱར་གསོ་ཆོག་པའི་སྙན་ཞུ་གནང་དོན་ལྟར་བཀའ་འཁྲོལ་བྱུང་སྟེ། དེ་བཞིན་སྨོན་ལམ་ཆེན་པོ་བསྐྱར་གསོ་ཐོག་ཚོགས་དབུར་ཕེབས། ཕག་གྲུ་བས་འབྲས་སྤུངས་ལ་ཡོད་པའི་རྡོ་ཁང་སྔོན་པོ་ཕུལ་བར་རྟེན་འབྲཻལ་གྱི་ཆེད་ཁང་པ་དེར་དགའ་ལྡན་ཕོ་བྲང་དུ་བཏགས་པ་དུས་ཕྱིས་ྋགོང་ས་ལྔ་པས་བོད་ཀྱི་སྲིད་གཞུང་སྐྱོང་དུས་བླ་བྲང་གི་གཟིམ་ཁང་མིང་སྲིད་གཞུང་ལ་བཏགས་ཏེ་ད་ལྟའི་བར་དུ་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་འདི་བྱུང་བ་ཡིན་ནོ། །དགུང་ལོ་ང་དགུ་པར་སེ་རའི་མཁན་ཁྲིར་ཕེབས། དགུང་ལོ་རེ་དྲུག་པར་འོན་མངའ་རིས་གྲྭ་ཚང་དུ་ཆོས་གྲྭ་གསར་དུ་བཙུགས། རྒྱུན་ལྡན་དགུན་དཔྱིད་གཉིས་འབྲས་སྤུངས་དང༌། དབྱར་སྟོན་གཉིས་ཆོས་འཁོར་རྒྱལ་དུ་བཞུགས་ནས་མདོ་སྔགས་ཀྱི་ཆོས་འཁོར་རྒྱ་ཆེར་བསྐོར་བས་བསྟན་པ་སྤྱི་དང་འཇམ་མགོན་བླ་མའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། དགུང་ལོ་རེ་བདུན་པ་རབ་བྱུང་དགུ་པའི་ཆུ་སྟག་༡༥༤༢ལོའི་བོད་ཟླ་གསུམ་པའི་ཚེས་བརྒྱད་ཉིན་འབྲས་སྤུངས་དགའ་ལྡན་ཕོ་བྲང་དུ་སྐུ་ཞི་བར་གཤེགས། སྐུ་གདུང་གདུལ་སྡོང་རིན་པོ་ཆེ་འབྲས་སྤུངས་ཚོགས་ཆེན་དུ་བཞུགས། དྲང་ངེས་བཀའ་འགྲེལ་སོགས་གཞུང་ཆེན་མོའི་འགྲེལ་བ་དང༌། བསྟོད་ཚོགས་སོགས་ལེགས་བཤད་པོད་ཆེན་ལྔ་ཙམ་མཛད། གསུང་ལས་སྐྱེས་པའི་སློབ་མ་མདོ་སྔགས་རབ་འབྱམས་སྨྲ་བ་པཎ་ཆེན་བསོད་ནམས་གྲགས་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་ཤིན་ཏུ་མང་པོ་བསྐྱངས།