རྒྱལ་མཆོག་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ།
སྐབས་དེར་གོང་ས་ལྔ་པ་ཆེན་པོ་དགོངས་པ་རྫོགས་པའི་སྐོར་གསང་ནས་བཞག་ཡོད་སྟབས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་གསང་བ་དམ་པའི་ཐོག་ནས་ངོས་འཛིན་བྱས། དགུང་ལོ་བཅུ་གསུམ་བར་གསང་བའི་རྗེས་སྣ་དཀར་རྩེར་གདན་དྲངས་ཏེ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་སྐྲ་ཕུད་བཅད་དེ་རབ་ཏུ་བྱུང་བའི་མཚན་ལ་བློ་བཟང་རིན་ཆེན་ཚངས་དབྱངས་རྒྱ་མཚོ་གསོལ། ལོ་དེར་ཕོ་བྲང་པོ་ཏཱ་ལར་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ་བྱས། པཎ་ཆེན་བློ་བཟང་ཡེ་ཤེས་དང༌། ཁྲི་རིན་པོ་ཆེ་ཅོ་ནེ་ཚུལ་ཁྲིམས་དར་རྒྱས། དགེ་སློང་འཇམ་དབྱངས་གྲགས་པ། མངའ་རིས་པ་རྗེ་དགེ་ལེགས་རྒྱ་མཚོ་སོགས་ཞྭ་སེར་ཅོད་པན་འཆང་བའི་སྐྱེས་ཆེན་དུ་མའི་ཞབས་པད་བསྟེན་ནས་སྔགས་ཕྱོགས་ཀྱི་དབང་དང་རྗེས་གནང༌། མན་ངག རྒྱབ་རྟེན་གྱི་ལུང་དང༌། རྒྱུད་ཀྱི་བཤད་པ། བསྐྱེད་རྫོགས་ཀྱི་ཁྲིད། མདོ་ཕྱོགས་ཀྱི་ལུང༌། ལམ་རིམ་ཁྲིད་ཆེན་བརྒྱད་སོགས་བཤད་ལུང་ཐམས་ཅད་གསན་པར་མཛད་ཅིང༌། ཁྱད་པར་དུ་དགེ་སློང་འཇམ་དབྱངས་གྲགས་པ་རྩ་བའི་བླ་མར་བསྟེན་ནས། གསན་ཡིག་གངྒཱའི་ཆུ་རྒྱུན་པོ་ཏི་བཞིར་ལོངས་པའི་ནང་དུ་འཁོད་པའི་ལུང་རྒྱུན་ཡོངས་རྫོགས་ལོ་གསུམ་གྱི་རིང་ལ་གསན། ལྷ་བཙུན་ངག་དབང་རྡོ་རྗེས་བརྩམས་པའི་གསང་རྣམ་དུ། དེ་དུས་སྡེ་སྲིད་དབང་བཙན་པ་དེ་ཉིད་ཀྱིས་དགེ་སློང་འཇམ་དབྱང་གྲགས་པ་ལ་བཀའ་ནན་ཆེས་ཆེར་མཛད་ནས། དབང་རྗེས་གནང་སོགས་སྤྲུལ་པའི་སྐུ་རིན་པོ་ཆེར་གསན་པ་གནང་དགོས་ཀྱི་སྐོར་མཐའ་དག་རིམ་པས་ནན་ཏན་གྱིས། གལ་ཏེ་དེ་འདྲ་མ་བྱུང་ན་ཞེས་སོགས་ཀྱི་གསུང་བབ་ལྕི་སེ་བ་གནང་འདུག་ཅིང༌། དེ་དུས་ང་ན་ཕྲ་བའི་སྟབས་ཀྱིས། ལུང་གནང་བ་འགའ་ཞིག་གི་སྐབས་སུ་ཚུལ་བཞིན་དུ་མ་ཉན་པར་ལངས་ནས་ཕར་འགྲོ་ཚུར་འགྲོ་བྱེད་སྐབས་སུ་རྩ་བའི་བླ་མ་དེ་ཉིད་དབུ་སེར་རི་ལེར་ཡར་བཞེངས་ཏེ། དཔེ་ཆ་ཕྱག་ཏུ་བསྣམས་ནས། ངའི་རྗེས་སུ་བྱོན་ནས། སྐུ་མཁྱེན་གསུང་མཁྱེན་དེ་འདྲ་མ་གནང་མར་བཞུགས་ཏེ་མདོ་གསན་རོགས་མཛོད། ཁྱོད་ཀྱིས་གལ་ཏེ་མ་གསན་ན་ང་ལ་སྡེ་སྲིད་ཀྱི་བཀའ་བཀྱོན་ཡོང་གསུང་ནས། ཕྱག་ཐལ་མོ་སྦྱར་བར་མཛད་པའི་སྐབས་སུ། ངས་ཀྱང་གསུང་ལ་ཉན་ཏེ་དེ་གར་བསྡད་པས། ཁོང་ཡང་ངའི་མདུན་དུ་བཞུགས་ནས། ལུང་གི་ཁྲིད་གནང་བའང་སྐབས་དེར་དྲན་གྱི་འདུག །ངའི་མགོ་ལ་མཐོ་དམན་སྐྱིད་སྡུག་སྣ་ཚོགས་བྱུང་བ་འདི་རང་ཡིན་གསུང་ནས་དབུ་ལ་ཕྱག་གི་ཁུར་ཚུར་གྱིས་བསྣུན་བསྣུན་མཛད་ནས་སྤྱན་ཆབ་བསིལ་བ་གནང་གི་ཡོད། ཅེས་གསུང་ཞིང་ཐུན་མོང་གདུལ་བྱའི་ངོར་གསང་བའི་རྣམ་པར་ཐར་པའི་རྒྱུད་རིམ་དག་གནས་ཚད་དང་ཐུན་མིན་ཇི་ལྟར་ཡང་སྐུ་ན་ཕྲ་དུས་ཀྱི་མཛད་སྤྱོད་ལ་གསུང་དུམ་འདིས་སྡོམ་ཚིག་ཁ་གསལ་ཞིག་བརྒྱབ་འདུག་པར་སེམས། དགུང་ལོ་ཉི་ཤུ་པར་སྡེ་སྲིད་ཀྱི་ཞུས་དོན་བཞིན་པཎ་ཆེན་རིན་པོ་ཆེས་དགེ་སློང་གི་སྡོམ་པ་གནང་ཡང་ཞལ་བཞེས་མ་གནང་བར་མ་ཟད། དེ་སྔོན་བསྒྲུབས་ཟིན་པའི་དགེ་ཚུལ་གྱི་སྡོམ་པ་ཡང་ཕྱིར་འབུལ་ཞུས་ཏེ་སྐྱ་ཆས་ཀྱི་ན་བཟའ་བསྣམས། གངས་ཅན་འགྲོ་བའི་བསོད་ནམས་ཀྱི་འཕེལ་ཁ་གྲིབ་པའི་དབང་གིས་རྒྱལ་མཆོག་དམ་པ་འདིས་ཐུགས་གཉེར་དེ་ཙམ་མི་གནང་ཞིང༌། ཤོ་སྦག་ཆང་རག་སོགས་ལ་ཅི་དགར་རོལ་ཏེ།
པོ་ཏཱ་ལ་ལ་བཞུགས་དུས། ། རིག་འཛིན་ཚངས་དབྱངས་རྒྱ་མཚོ། ། ལྷ་སའི་ཞོལ་ལ་ཡོད་དུས། ། འཆལ་པོ་དང་བཟང་དབང་པོ། ། ཞེས་པའི་མགུར་གཞས་ཀྱི་སྡོམ་ཚིག་བཀོད། བོད་སོག་གི་བསོད་ནམས་དམན་པའི་ལུས་ཅན་ཕལ་བོ་ཆེའི་མཐོང་སྣང་ཙམ་རྒྱུ་མཚན་དུ་བྱས་ནས་དད་པའི་རྨང་གཞི་ལ་ཆག་གྲུམ་ཐེབས། ལྷ་བཟང་ཕྱོགས་གཏོགས་དང་བཅས་པས། བོད་ཀྱི་ཆབ་སྲིད་ལ་རྔམས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དཀྲོངས། རྒྱལ་དབང་མཆོག་ཀྱང་འབྲས་སྤུངས་དགོན་ནས་བཙན་གྱིས་གདན་དྲངས་ནས་རྒྱ་བོད་ཀྱི་ས་མཚམས། ཟི་ལིང་ཀུན་དགའ་ནོར་ཞེས་པར་དགུང་ལོ་ཉེར་ལྔ་པ་རབ་བྱུང་བཅུ་གཉིས་པའི་མེ་ཁྱི་༡༧༠༦ལོར་དགོངས་པ་རྫོགས། གསན་ཡིག་སོགས་གསུང་རྩོམ་ཡང་འགའ་ཞིག་སྣང༌། གསང་རྣམ་དུ་བཀོད་པ་ལྟར་ན་ཀུན་དགའ་ནོར་ནས་བརོས་བྱོལ་གྱིས་རྒྱ་དཀར་ནག་དང༌། བལ་བོད་སོག་ཡུལ་སོགས་སུ་ཕེབས་ཏེ་བསྟན་འགྲོའི་དོན་ཆེན་སྒྲུབ་པར་བཀོད་སྣང་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་བར་སུས་ཀྱང་འགོངས་པར་མི་ནུས་ལ་འགོངས་དོན་ཡང་མེད་མོད། འཇིག་རྟེན་སྣང་ཚུལ་དང་འཇིག་རྟེན་མིའི་ལོ་རྒྱུས་ཞིབ་འཇུག་པ་ཚོའི་བློ་གྲོས་ཀྱི་ར་བའི་ནང་དུ་ཇི་ལྟར་ཆུད་མིན་ནི་བརྟག་པར་བྱ་བའི་རིགས་སོ། །