རྩོམ་ཡིག་ཆ་ཚང་འདིར་གཟིགས།
གང་ཡིན་ཟེར་ན། གཞས་ཀྱི་རོལ་དབྱངས་བཟོ་སྒྲིག་བྱེད་པར་གཞས་རེ་ལ་བལ་སྐོར་སྟོང་ཕྲག་དགུ་རེ་སྤྲོད་དགོས་པ་དང༌། རྒྱབ་ཤོག་བྱུས་འགོད་བྱེད་པར་བལ་སྒོར་སྟོང་ཕྲག་གསུམ། དཔར་སྐྲུན་བྱེད་པར་ཧིན་སྒོར་ཁྲི་དྲུག་དང་ཕྱེད་ཀ་ཡས་མས་བཅས་དང༌། ད་དུང་ཟས་རིན་དང་སྣུམ་འཁོར་བདག་གླ་སོགས་ཆ་ཚང་བསྡོམས་ན་གོང་གི་སྡོམ་གྲངས་ལས་བརྒལ་བ་ལས་ཉུང་བ་ཆགས་ཀྱི་མེད། མ་ཟད་ངོ་ཤེས་གྲོགས་པོ་ལྷག་བསམ་རྣམ་དག་ཅན་ཞིག་གིས་རོགས་རམ་དང་ལམ་འཁྲིད་མེད་ན། དེ་ལས་སྡུག་པའི་དཀའ་ངལ་དང་འགྲོ་སོང་འཕར་མ་འགྲོ་བར་ཐེ་ཚོམ་ཅི་ཡང་མེད།
གཞས་པ་ཚང་མར་འཕྲད་བཞིན་པའི་དཀའ་ངལ་ཞིག་ནི། འོད་སྡེར་དཔར་སྐྲུན་གྲུབ་རྗེས་སྤྱི་ཚོགས་ནང་འགྲེམས་སྤེལ་བྱེད་སྐབས་སྡིག་པ་མིག་བཙུམ་གྱིས་བར་ཁེ་ཟ་མཁན་ཚོང་པ་འགས་འོད་སྡེར་རྫུན་མ་དཔར་སློག་དང༌། རིན་གོང་ཆུང་ཆུང་གིས་འགྲེམས་འཚོང་བྱེད་ཀྱིན་ཡོད་པ་དང༌། མི་མང་གིས་ཀྱང་འོད་སྡེར་རྫུན་མ་ཡིན་ཡང་རིན་གོང་ཆུང་བས་ཉོ་རྐྱང་བྱེད་པ་ལས། དེའི་རྒྱབ་ལྗོངས་ཀྱི་དགེ་སྡིག་བླང་དོར་དང༌། ཁྲིམས་ལུགས་གང་ལའང་བསམ་བློ་གཏོང་མཁན་མེད། དེ་ནི་ང་ཚོ་བོད་ཀྱི་སྤྱི་ཚོགས་འདིས་ཞན་ཆ་ཆེན་པོ་ཞིག་དང༌། བོད་པ་རྣམས་ཀྱི་བསམ་བློའི་ཆུ་ཚད་ཀྱི་ངོ་གདོང་དམར་རྗེན་དུ་བསྟན་པ་རེད་ལ། རྒྱལ་ཁབ་གང་ཞིག་གི་སྲིད་ཁྲིམས་དང་འགལ་བ་མ་ཟད། རྒྱུ་ནོར་གྱི་ཆེད་དུ་ཅི་ཡང་བྱེད་ཕོད་པའི་ཉེན་ཁ་ཅན་གྱི་བསམ་བློ་ཞིག་དང༌། ཆོས་ཕྱོགས་ནས་བཤད་ན་མི་དགེ་བའི་ལས་ནག་པོ་ཞིག་ལག་ལེན་བསྟར་བ་རང་རེད། འོན་ཀྱང་གནས་ལུགས་འདི་དག་སེམས་སུ་འཁོར་མཁན་ཉིན་མོའི་སྐར་མ་དང༌། ནམ་མཁའི་མེ་ཏོག་བཞིན་ཧ་ཅང་དཀོན་པོ་རེད། ཅིག་བྱས་ན་དེ་ནི་སྐྱབས་བཅོལ་བའི་སྤྱི་ཚོགས་ཡིན་པའི་རྐྱེན་གྱིས་ཡིན་སྲིད། དེར་བརྟེན་གཞས་པ་རང་ཉིད་ཀྱི་འོད་སྡེར་དངོས་གནས་རྣམས་འགྲེམས་ཚོང་མི་ཐུབ་པར་ལྷག་གི་ཡོད་པས་གཞས་པ་དེའི་རྗེས་ཕྱོགས་ཀྱི་གླུ་གཞས་གསར་པ་འདོན་སྤེལ་གྱི་གྲ་སྒྲིག་ལ་དོ་ཕོགས་ཤིན་ཏུ་ཆེན་པོ་འགྲོ་ཡི་ཡོད། འདིའི་ཐད་ལས་འགུལ་སྤེལ་མཁན་དང་སྐད་ཆ་བཤད་མཁན་ད་བར་མི་རེ་གཉིས་བྱུང་འདུག་ཀྱང་དེ་ལ་མི་མང་གི་ངོས་ནས་རྒྱབ་སྐྱོར་བྱེད་མཁན་ཉུང་བ་དང༌། གཞས་པ་གཞན་དག་གིས་ཀྱང་སྣང་མེད་ལྷོད་གཡེང་ལས་ནུས་ཤུགས་ཆིག་སྒྲིལ་གྱིས་རྒྱབ་སྐྱོར་བྱེད་མཁན་བྱུང་མེད་ཚོད་འདུག
ཉམས་མྱོང་འདིའི་ཐོག་ནས་མ་འོངས་པར་གཞས་པ་ནང་ཁུལ་བསམ་ཚུལ་བརྗེ་རེས་དང་རོགས་རམ་བྱེད་རེས། ཚང་མས་དཔུང་པ་མཉམ་གཤིབ་ཀྱིས་བོད་ཀྱི་གླུ་གར་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་དང༌། གསར་གཏོད། གསར་རྩོམ། ལྷག་པར་དུ་མི་རིགས་སུ་ཞིག་གི་གླུ་གཞས་སྒྱུ་རྩལ་པ་ཡིན་རུང་རང་མི་རིགས་ཀྱི་འགན་འཁྲི་དང༌། རིག་གཞུང་གི་འགན་འཁྲི། སྐད་ཡིག་གི་འགན་འཁྲི་སོགས་འཁུར་དགོས་པ་ལྡོག་མེད་ཡིན་ལ། གང་དྲན་དྲན་གྱི་གླུ་གཞས་འཁྱར་འཁྱོར་རེ་མི་གཏོང་བར། ཚིག་དང་གདངས་སོགས་ལ་ངེས་པར་དུ་གཟབ་ནན་དགོས་པར་འདུག་ཅིང༌། ལྷག་པར་དུ་གཞས་གདངས་གནའ་དེང་གི་སྲོལ་ལུགས་གང་རུང་དང་མཐུན་པ་གང་ཞིག བོད་གཞས་ཡིན་ཚེ་གཞས་ཚིག་བོད་པ་རང་གི་ཚིག་སྦྱོར་གྱི་བྲོ་བ་ལྡན་པ་ཞིག་དང་བོད་ཀྱི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེ་བར་སྙམ། དེ་མིན་ཚིག་རྐང་རྣམས་རྡོ་ཆག་བཙན་སྒྲིག་གི་དཔེ་བཞིན་བྱས་ན་གཞས་ཀྱི་བྲོ་བ་བརླག་པའི་ཉེན་ཁ་ཡོད་པ་མ་ཟད། བརྩེ་དུང་དང༌། སློབ་གསོ། ཆབ་སྲིད་ཀྱི་ཁ་ཕྱོགས་སོགས་མཚོན་པའི་གཞས་ཚིག་གང་ཞིག་ཡིན་རུང་བོད་རང་གི་བརྡ་སྤྲོད་ཀྱི་འགྲོས་དང་མ་བསྟུན་ཚེ། མགོ་མཇུག་མེད་པའི་སྐད་ཆའི་དུམ་བུ་ཁ་ཤས་དབྱངས་སུ་གྱེར་བ་ལྟ་བུ་ལས་སྒྱུ་རྩལ་གྱི་བྲོ་བ་མི་ལྡན་པས་ན་གླུ་གཞས་ཀྱི་མཚན་ཉིད་མི་ཚང་བ་ཡིན། རང་ཉིད་བོད་ཀྱི་གཞས་པ་ཞིག་ཡིན་ན་བོད་ཀྱི་གཞས་པའི་འགན་ཆ་ཚང་འཁུར་དགོས་ཤིང༌། སོ་སོའི་མིང་སྙན་གྲགས་དང༌། ཚོང་ཁེ་སྤོགས་གཅིག་པུར་བསམ་བློ་གཏོང་ན་ཧ་ཅང་ཐབས་སྡུག་ལས་མ་འདས། དེ་ལས་ཉེན་ཁ་ཆེ་བ་ཞིག་ལ་མི་རབས་རྗེས་མ་ཚོར་ད་ལྟའི་གླུ་གཞས་ཀྱིས་བག་ཆགས་ཟབ་མོ་འཇོག་ངེས་པས། བོད་པའི་གཞས་ཚིག་གི་སྙན་ཆ་ཅི་ཡང་མི་ལྡན་པའི་གླུ་གཞས་དེ་ཚོ་ནི་བོད་ཀྱི་རིག་གཞུང་དང༌། སྐད་ཡིག་ཉམས་དམས་གཏོང་བྱེད་ཀྱི་ལག་ཆ་རུ་འགྱུར་མི་སྲིད་པ་ནམ་ཡང་མིན།
གཞས་པ་ཚད་ལྡན་ཞིག་བྱེད་འདོད་ཚེ་ངེས་པར་སྒྲུབ་དགོས་པ་ཞིག་ལ། རོལ་ཆ་འབུད་དཀྲོལ་བྱེད་རྒྱུ་དེ་ཙམ་དོ་གལ་མི་ཆེ་བར། ངག་གི་གླུ་གཞས་ལེན་སྟངས་ལ་སློབ་སྦྱོང་ངེས་པར་བྱེད་དགོས་པ་དཔེར་ན། གདངས་ཀྱི་མཐོ་དམའ་དང༌། འཇམ་རྩུབ། དལ་མགྱོགས། ངག་གི་སྙན་ཆ་འདོན་སྟངས། ཚིག་གི་གསལ་ཆ། སེམས་ཚོར་རྣོན་པོ་དང་མཉམ་དུ་ལུས་ཀྱི་རྣམ་འགྱུར་སྟོན་སྟངས། དམིགས་བསལ་སོ་སོའི་མགྲིན་པར་གཅེས་སྤྲས་དང༌། སྦྱོང་བརྡར་ངེས་པར་དུ་དགོས་གལ་མཐོང་ཞིང་དེ་དག་གང་ཡང་མེད་པར་མཚན་ཉིད་ཚང་བའི་གཞས་པ་ཞིག་ནམ་ཡང་ཆགས་མི་ཐུབ་པར་སྙམ་ལ། གཞས་པ་སུ་ཞིག་ཡིན་རུང་རང་ཉིད་ཀྱི་ཕུགས་བསམ་དང་ལང་ཕྱོགས་ཡོད་པའི་སྒོ་ནས་དམིགས་ཡུལ་སྒྲུབ་ཐུབ་པའི་འབད་བརྩོན་དགོས་པ་ལས། མི་མང་གི་དགའ་ཕྱོགས་གཅིག་པུར་བསྟུན་དགོས་དོན་མེད་པར་སེམས།
འཇིག་རྟེན་སྟེང་གི་བྱ་བ་ཡོངས་ལ་དཀའ་ངལ་དང་རྙོག་དྲ་མེད་པ་མི་སྲིད་ཀྱང༌། དེ་ལ་གདོང་ལེན་བྱེད་ཐབས་མེད་པ་རྩ་བ་ནས་མེད་པས། མ་འོངས་པར་གཞས་པ་རྣམས་སེམས་ཤུགས་མཉམ་སྒྲིལ་གྱིས་སོ་སོར་འཕྲད་པའི་དཀའ་ངལ་ལ་གདོང་ལེན་དང༌། འགན་འཁྲི་དག་སྣང་མེད་དུ་མི་སྐྱུར་བར་བཟོད་བསྲན་འཆམ་མཐུན་གྱིས་བློ་རྒྱ་ཆེར་བསྐྱེད་བགྱིས་ན། གླུ་གཞས་ཀྱི་གར་སྟེགས་ཐོག་ཏུ་བདེ་སྐྱིད་ཀྱི་གཟི་འོད་ཅིག་དང༌། སྒྱུ་རྩལ་གྱི་མེ་ཏོག་ཅིག་འཁྲུངས་པར་ཐེ་མི་ཚོམ་སྙམ། དེ་རིང་ངས་རྩོམ་ཐུང་འདི་ཉིད་འབྲི་བའི་ངལ་བ་བསྟེན་དགོས་དོན་ནི། མ་འོངས་བཙན་བྱོལ་བོད་ཀྱི་གཞས་པ་རྣམས་ཀྱི་ལས་དོན་ཚགས་ཚུད་དང༌། གླུ་གཞས་སྒྱུ་རྩལ་གོང་འཕེལ། ལེགས་ཉེས་བླང་དོར་བཅས་ཡོང་རེ་དང༌། དེ་བཞིན་གཞས་པ་ལས་དང་པོ་བ་རྣམས་ལ་གནས་ཚུལ་རོབ་ཙམ་མཁྱེན་རྟོགས་ཡོང་སླད་ཀྱིས་མཚོན་རང་ཉིད་ཀྱི་བསམ་ཚུལ་དང་སྦྲགས་ཏེ་ཕུལ་བ་ལགས།
ཁ་པར་ཨང་གྲངས།
0091-9816188203
གློག་འཕྲིན་ཁ་བྱང༌།
sogshod_dhargye@yahoo.com
dawamigzey@gmail.com
དྲ་རྒྱ།
http://www.imeem.com/people/ZYgt65X
http://www.unitingtibetans.org
http://in.youtube.com/user/sogshoddhargye