ནུབ་ཕྱོགས་དག་པའི་ཞིང་གི་མཐོང་ཐོས།
གསང་སྔགས་ཁྲོམ་སྒྲག་བྱེད་སའི་དབང་ར་དང༌།།
ནང་བསྟན་འཚོང་འགྲེམ་བྱེད་སའི་ཆོས་ཚོགས་དང༌།།
སྐུ་རྟེན་ནག་འཚོང་རྒྱག་སའི་ཁྲོམ་བཏེགས་སོགས།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཉིན་མོ་གྲྭ་ཆོས་གོན་པའི་དགེ་སློང་དང༌།།
མཚན་མོར་དབྱིན་མོ་རུམ་པའི་གྲུབ་ཐོབ་གཉིས།།
ཆོས་ལོག་ཆོས་སུ་འཆད་པའི་སྟོན་པ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
སྐྲ་ནག་མཛེས་མའི་གདོང་གི་ལྟད་མོ་དང༌།།
སྐྲ་སེར་གཞོན་མའི་བྲང་གི་ནུ་འབུར་གཉིས།།
ཁྲོན་ཤན་བུ་མོའི་རྐུབ་ཀྱི་བྲོ་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁ་ཡིས་རྐུབ་ཀྱི་ལས་ཀ་འཇོན་པ་དང༌།།
རྐུབ་ཀྱི་ངོ་སོ་ཁྲོམ་ལ་ངོམས་པ་གཉིས།།
ཁྲོམ་གསེབ་རྐུབ་ཚབ་ཚོང་ཟོག་མང་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
བླ་སྤྲུལ་བཙུན་པའི་ཆོས་ཀྱི་འཚོང་འགྲེམས་དང༌།།
སྐད་བསྒྱུར་མཁས་པས་བར་ཟོས་ཁེ་བཟང་གཉིས།།
མགོ་སེར་ཚོང་པའི་ཉོ་འཚོང་འབྲེལ་མཐུད་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཉིན་མོ་ཕྲུ་གུ་འཚོ་སྐྱོང་བྱེད་པ་དང༌།།
མཚན་མོ་སྦྱིན་བདག་གཟུགས་པོ་བཀྲུ་བ་གཉིས།།
རྒྱུན་དུ་ཟས་གཡོ་གད་བདལ་བྱེད་པ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཉིན་མོར་ཟ་ཁང་ནང་དུ་ལག་གཡོག་རྒྱུག།
མཚན་མོར་ཞབས་བྲོ་ཁང་དུ་ཌང་སེ་འཁྲབ།།
ཟླ་ཕོག་ཕལ་ཆེར་མེཀ་སི་ཁོ་ལ་བསྐྱལ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
མི་ཡུལ་ས་མཐར་འཁྱམས་པའི་བྲོ་བ་དང༌།།
ཕ་མ་སྤུན་མཆེད་བྲལ་བའི་སེམས་ཁྲལ་གཉིས།།
ལག་ཁྱེར་ཚད་ལྡན་མེད་པའི་དཀའ་ངལ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
མངའ་སྐྱུར་བྲོ་བ་མྱོང་སའི་ཆང་ཁང་དང༌།།
མི་རིགས་འདྲ་མིན་འདུ་སའི་ཞབས་བྲོ་ཁང༌།།
ཤ་མདོག་ངེས་མེད་ཚོགས་སའི་གཞང་ཁང་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ལོ་རྒྱུས་རྫུན་མ་བསྒྲིགས་པའི་རྩོམ་སྒྲུང་དང༌།།
དབྱིན་ཡིག་སྙན་ཞུ་འབྲི་མཁན་གླ་བ་གཉིས།།
སྐྱབས་བཅོལ་དཔང་ཡིག་ཞུ་མཁན་མི་འཁྱམས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཆང་ས་རྫུན་མ་རྒྱག་མཁན་སྐྱབས་བཅོལ་དང༌།།
གཉེར་སྒྲིག་དཔང་ཡིག་ཞུ་མཁན་མགོ་སེར་གཉིས།།
གྷི་རིན་ཁ་ཌི་སྒུག་མཁན་མི་རིགས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁང་གླ་ཆེན་པོ་ཐོབ་པའི་སེམས་ཁྲལ་དང༌།།
ལས་གླ་ཚད་ལྡན་མེད་པའི་ཕམ་ཁ་གཉིས།།
སྦྱིན་བདག་རྒྱ་རྒན་བཙན་པོའི་བརྙས་བཅོས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁྲིམས་མཐུན་ཁྲལ་གྱི་དཔང་ཡིག་མེད་པ་དང༌།།
ཨ་རིའི་རྒྱལ་ཁབ་དམ་དྲག་ཚ་བ་གཉིས།།
ཝི་ས་རྫུན་མའི་བུ་ལོན་ཆེ་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ལས་ཀ་གཅིག་ཏུ་གཏད་སོ་མེད་པ་དང༌།།
སྦེང་གི་ཨེ་ཀོར་འཛིན་ཡིག་མེད་པ་གཉིས།།
ཨ་ཌེ་ཁ་ཌི་ཚད་ལྡན་མེད་པ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
གྲྭ་པས་ཆོས་གོས་ཕུད་ནས་བྱ་སྐེ་གཅོད།།
དཔོན་པོས་རྐུབ་ཀྱགས་གཡུགས་ནས་གསང་སྤྱོད་འཁྲུ།།
མཛེས་མས་སྤོམ་མདོག་བཞག་ནས་གཟུགས་པོ་བཙོང༌།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
དབང་ཆེན་དཔོན་པོའི་སྤྱི་སེམས་བརླག་ས་དང༌།།
གྲྭ་ཆུང་བཙུན་པའི་སྡོམ་པ་ཤོར་ས་གཉིས།།
ན་ཆུང་བུ་མོའི་ལང་ཚོ་ཉམས་ས་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁ་རྩང་ཁ་བ་འབབ་པའི་མཚན་མོ་དང༌།།
དེ་རིང་ཚ་བ་འབར་བའི་ཉིན་མོ་གཉིས།།
ངེས་མེད་དུས་ཀྱི་བར་ཐག་ཐུང་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཕྱི་ཡི་སྟོབས་འབྱོར་ལྷ་དང་མཉམ་ན་ཡང༌།།
ནང་གི་སེམས་པ་རྒྱ་མཚོའི་རླབས་ལྟར་གཡོ།།
དུས་ཀྱི་འཁྲུག་ཆ་སྟོན་ཀའི་རླུང་བཞིན་འཚུབ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཁ་རྩང་རྒོད་ནས་སོ་དཀར་བསྟན་པ་དང༌།།
དེ་རིང་ངུ་ནས་མིག་ཆུ་གཏོང་བ་གཉིས།།
སང་ཉིན་ཁྲོས་པའི་གདོང་རིས་དམར་བ་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
འཕྲོད་བསྟེན་རྣམ་བཞག་གཞན་ལས་མང་ན་ཡང༌།།
ངེས་མེད་ནད་ཡམས་སྣ་ཚོགས་འབྱུང་བའི་ཁུངས།།
སྨན་གྱི་རིན་གོང་ཧ་ཅང་ཆེ་བ་ཡང༌།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
ཕྱོགས་སླེབས་ཚོགས་པ་དུ་མའི་འཁྲབ་སྟོན་དང༌།།
ཕྱོགས་འཁྱམས་ཆབ་སྲིད་བཙོན་པའི་སྐྱབས་བཅོལ་བ།།
ཕྱོགས་མཐའི་རིག་གཞུང་མཁས་པའི་སློབ་དཔོན་གསུམ།།
ཨ་རིའི་ཞིང་དུ་སླེབས་ན་རང་འགྲིགས་ཡིན།།
དེ་དང་དེ་འདྲའི་ཨ་རིའི་ཕེབས་མཁན་ཚོའི།།
འདི་དང་འདི་འདྲའི་གནས་སྟངས་གསལ་བའི་གཏམ།།
གང་དང་གང་ཞིག་མཐོང་ཐོས་བྱུང་ཙམ་ལས།།
མཐའ་དག་བརྗོད་པའི་ཉམས་མྱོང་བདག་ལ་མེད།།
ཨ་རིའི་རྒྱལ་ཁམས་དང་པོ་འགྲིམས་པའི་སྐབས།།
ཁྱི་ཁཱ་སྒང་དང་ཨིན་ཌི་ཨ་ན་གཉིས།།
ཨོ་ཧ་ཡང་དང་ཇོ་ཇོན་མངའ་སྡེ་བཞིར།།
བསྐོར་བ་ཙམ་ལས་གཞན་དུ་ཆ་རྒྱུས་མེད།།
ཨ་རི་ཨིན་ཌི་ཨ་ནའི་མཐོ་སློབ་ཏུ།།
ཕྱོགས་བསྐྱོད་དགེ་རྒན་དང་པོར་ཆས་པའི་སྐབས།།
ཉིན་ཐོ་ནང་དུ་གང་ཞིག་འཁོད་པ་ལས།།
དོན་གནད་ཁག་གཅིག་ཕྱོགས་སྡོམ་བྱས་ནས་བསྒྲིགས།།
སྤྱི་ ལོ་ ༢༠༠༣ ཟླ་ ༦ ཚེས ༡༡ ལ་ཨ་མེ་རི་ཁ་ཇོ་ཇོན་མངའ་སྡེ་ནས་མགོ་འཛུགས་བྱས། ཟླ་བ་ ༧ ཚེས་ ༡༤ ཉིན་རྒྱ་གར་ལྷོ་པྱོགས་བྷེང་ལོར་མཇུག་རྫོགས་པར་བྱས།