རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ།
མཚན་ལ་ལྷ་མོ་དོན་འགྲུབ་གསོལ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་ལྷ་མོའི་བླ་མཚོར་ཨ་ཀ་མ་ཞེས་པའི་ལུང་སྟོན་ཡི་གེར་ཤར་བ་སོགས་ལྷ་བླའི་ལུང་བརྟག་རྩེ་མཐུན་བྱུང་བ་ལྟར་ཡང་སྲིད་འཁྲུལ་མེད་ངེས་རྙེད་བྱུང༌། དགུང་ལོ་བཞི་པར་དབུས་སུ་གདན་དྲངས་ཏེ་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་དབུ་སྐྲ་གཙུག་ཕུད་བཞེས་ཏེ་མཚན་ལ་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་དྲུག་ནས་སློབ་གཉེར་གྱི་དབུ་ཚུགས་ཏེ་ཡོངས་འཛིན་རྭ་སྟག་གཉིས་ནས་བཀའ་ལུང་མན་ངག་དུ་མ་དང༌། ཞབས་དྲུང་མཁྱེན་རབ་བསྟན་འཛིན་ལས་གཤར་གཟབ་ཀྱི་ཡི་གེ་འབྲེི་ཀློག་བསླབས། སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་དྲུང་ནས་སུམ་རྟགས་དག་སོགས་ལ་བསླབ་པས་ཚེགས་མེད་མཁྱེན། དགུང་གྲངས་བཅུ་གཉིས་པར། སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གཞུང་ཆེན་པོད་ལྔ་གསན་པའི་དབུ་ཚུགས་ཏེ། རྩ་བ་ཁག་ཐུགས་འཛིན་དང་དཔེ་ཁྲིད། རྩོད་ཟླ་སོགས་ཀྱིས་ཐུགས་འདྲེས་རྒྱ་ཆེར་གནང་ཞོར། དགུང་གྲངས་བཅུ་གསུམ་པར་གདན་ས་ཆེན་པོ་འབྲས་སེར་གཉིས་སུ་རིམ་བཞིན་ཆོས་ཞུགས་གནང༌། དགུང་གྲངས་བཅུ་དྲུག་པར་གུང་ཁྲན་ཏང་གིས་བོད་ཤར་ཕྱོགས་ཆབ་མདོར་བཙན་འཛུལ་བྱས་པ་དང༌། སྟོད་མངའ་རིས་ཁུལ་ནས་ཀྱང་རྒྱ་དམག་འབོར་ཆེན་པོ་འབྱོར་བའི་འགན་མ་ཟིན་པར་རྒྱལ་ཚབ་སྟག་བྲག་ངག་དབང་གསུང་རབ་ཀྱིས་ཆོས་སྲིད་འགན་ཡོངས་རྫོགས་ཕུལ་བ་ལྟར། ཁ་བ་གངས་ཅན་ལྗོངས་ཀྱི་ལུགས་ཟུང་གསེར་གྱི་འཁོར་ལོ་ཕྱག་མཚན་དུ་བསྣམས། དགུང་ལོ་བཅོ་བརྒྱད་ཐོག་རྒྱ་ནག་ཏུ་ཕེབས་པའི་ཞོར་ལ་ཁམས་དང་ཨ་མདོའི་ཁུལ་གྱི་དགོན་སྡེ་ཆེ་ཕྲ་ཕལ་བོ་ཆེར་ཞབས་ཀྱིས་བཅགས་ཏེ་བོད་རྒྱའི་སྐྱེ་བོ་འབུམ་ཕྲག་མང་པོར་དམ་པའི་ཆོས་དང་གསེར་ཞལ་མཇལ་བའི་བགོ་སྐལ་བསྩལ། ལྷ་ཀླུ་ལྷ་ལྕམ་ཆེན་མོས་ཞུས་ངོར་བཞིན་ལྷ་སར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ། སླར་ཡང་དགུང་ལོ་ཉེར་གསུམ་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གསེར་སྲང་ཁྲི་ཕྲག་ལས་གྲུབ་པའི་མི་འཇིགས་སེང་གེའི་ཁྲི་ཆེར་བཏེགས་ཏེ་ཞུས་པ་བཞིན། དད་ལྡན་འབུམ་ཕྲག་བརྒལ་བ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གཉིས་པ་བསྩལ་ཞིང༌། དེ་བཞིན་སྐུ་ན་ཆུང་དུས་ནས་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་ཁྲིད་སོགས་ཟབ་རྒྱས་ཆོས་ཀྱི་གྲུ་ཆར་རྒྱ་ཆེར་ཕབ། གྲོ་མོ་རྒྱུད་འཕགས་ཡུལ་གནས་མཇལ་ཕེབས་ཤིང་སྐབས་དེར་པཎ་ཆེན་རིན་པོ་ཆེ། ནེ་རོ་སོགས་དང་མཇལ་འཕྲད་གནང༌། དགུང་ལོ་ཉེར་ལྔ་པར་ས་ཕག་༡༩༥༩དམར་པོའི་བཙན་འཛུལ་སྐབས་བསྟན་འགྲོའི་དོན་དུ་ཞབས་ཀྱི་འཁོར་ལོའི་རེ་ཁ་དབུས་འགྱུར་འཕགས་པའི་ཞིང་དུ་འཁོད། དམངས་གཙོའི་སྲིད་གཞུང་གི་ལམ་སྲོལ་བཟང་པོ་གསར་འཛུགས་དང༌། མེ་མདའི་ཁ་ནས་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པ་འཛམ་གླིང་ཡོངས་ལ་གསལ་བསྒྲགས་གནང༌། བཙན་བྱོལ་སྲིད་གཞུང་བཙུགས་ཏེ་གཞོན་བྱིས་དར་གསུམ་ལ་ཐུགས་རྗེ་རླབས་ཀྱི་ཞགས་པ་རིང་མོས་ཡོངས་སུ་བཅིངས་ཏེ་ཁ་བ་གངས་ཅན་ལྗོངས་ཀྱི་བསྟན་སྲིད་རིག་གཞུང་བདེ་འཇགས་དང་བཅས་པ་སླར་གསོའི་མཛད་འགན་རྒྱ་ཆེ་བཞེས། གཞིས་བྱེས་བོད་འབངས་ཡོངས་ཀྱི་རེ་བའི་མིག་འབུར་གང་ལ་གཏོད་པ་ལྟར་དམ་པའི་ཆོས་དང་འཇིག་རྟེན་སྲིད་པའི་ལུགས་གཉིས་ཟུང་དུ་འབྲཻལ་བའི་ཐབས་མཁས་ཀྱི་འཕྲིན་ལས་བཟང་པོའི་ཁོ་ལག་ཤིན་ཏུ་ཡངས་པ་དང༌། འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུའང་གཞན་ཕན་བྱམས་བརྩེའི་ནུས་སྟོབས་དང་ཐུགས་བསྐྱེད་དུས་ལ་སྨིན་པའི་མཐུ་ལས། ༡༩༨༩ནོ་སྦེལ་ཞི་བདེའི་རྟགས་མ་འཞེས་ཏེ་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་ཞེས་པའི་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་གྱི་བུ་མོའི་གོས་སུ་མཛེས་པར་བཀླུབས། ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་རིས་མེད་གྲུབ་མཐའ་ཀུན་གྱི་བསྟན་པའི་བདག་པོར་གྱུར། རྒྱལ་སྤྱིའི་ཐོག་གི་འཚེ་བ་དང་དམག་འཁྲུག་གིས་མཚོན་པའི་རྩོད་རྙོག་ཁ་མ་འདུམ་པ་མང་པོ་གང་གི་ཐུགས་བསྐྱེད་བཙན་པོའི་མཐུ་ལས་ཞི་འཇམ་དུ་གཏོང་བ་སོགས་ལེགས་བྱས་ཀྱི་རྣམ་པར་ཐར་པ་བརྗོད་ལས་འགོངས། བོད་རྒྱའི་འཐབ་རྩོད་ཐད་རྒྱ་བོད་གཉིས་ཕན་གྱི་ཐབས་ལམ་ཟབ་མོ་རིམ་པར་འཚོལ་ནས་ཐུགས་བསྐྱེད་སྤྱན་གྱི་གཟིགས་པ་ཡངས་པོས་མཚེ་མེད་ཞི་བདེ་ཁོ་ནའི་ལམ་བཟང་དུ་འཛུད་པ་ལས། འཚེ་བ་དང་དྲག་པོའི་ལམ་དུ་ནམ་ཡང་འཕྱན་པ་མི་མཛད་པ་སོགས། རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེས་འཛམ་གླིང་སྤྱི་དང་གངས་ཅན་པའི་ལུགས་ཟུང་གསེར་གྱི་འཁོར་ལོ་བླ་ན་བཏེགས་ཏེ། མཚན་དཔེའི་སྐུའི་དཀྱིལ་འཁོར་དབུས་འགྱུར་འཕགས་པའི་ཡུལ་དུ་བཞུགས་ཀྱང༌། གསང་བ་གསུམ་གྱི་མཛད་པ་དང་སྙན་པའི་བ་དན་དཀར་པོ་གནམ་སའི་ཁྱོན་ཀུན་ཁྱབ་བཞིན་འཚོ་ཞིང་བཞུགས་བཞིན་པ་འདི་བཞིན་ལགས་སོ། །
གྲུ་འཛིན་བདེ་ཆེན་དག་པའི་ཞིང་ཁམས་ནས།།
ཐུགས་བསྐྱེད་སྤྱན་གྱི་བུང་བའི་ལྡིང་བསྐོར་གྱིས། །
གངས་རིའི་འདབ་མ་གྲོལ་བའི་བསིལ་ལྡན་ཞིང༌། །
འཕུར་ལྡིང་རྩེན་པའི་སྐྱེས་རབས་ཚར་དུ་དངར། །
ཐུགས་བསྐྱེད་སྤྱན་སྟོང་གཡོ་བའི་ཞགས་པ་ཡིས། །
མཐའ་དག་རྒྱུད་ལྔའི་འགྲོ་བ་ཡོངས་སུ་འཆིང༌། །
འགྲོ་བའི་སྡུག་བསྔལ་སྐྱོབ་པའི་ཕྱག་སྟོང་གིས། །
སྐྱབས་སྦྱིན་ཕྱག་རྒྱའི་དགེ་ལེགས་གཡོ་གྱུར་ཅིག།
ཞེས་ཀྱང་སྨྲས་སོ།