དྲ་གྲོགས་འཁྱམས་པོ་ལགས་སུ་ཕུལ་བ།
དྲ་གྲོགས་ལགས། འཁྱམས་པོ་ང་རང་ཡང་ཁྱེད་རང་བཞིན་ནམ་རྒྱུན་དུ་རང་ཉིད་གཅིག་བུ་ལ་སེམས་གསོ་བྱས་དེ་འདུག་མཁན་གྱི་གྲངས་ཤིག་ཡིན། ཡིན་ཡང་། ངས་རང་ཉིད་ལ་སེམས་གསོ་བྱེད་སྟངས་ལ་འགྱུར་བ་མང་བོ་ཞིག་ཐེབས་སོང་། སྔོན་ཆད་ཡིན་ན་ང་རང་སེམས་པ་སྐྱོ་དུས་སུ་ངས་ཀྱང་ཨ་རག་ཚོད་མེད་དུ་འཐུང་ནས་རང་ཉིད་ལ་སྐྱོ་རོགས་བྱེད་པར་འདོད་ཀྱི་ཡོད། དེ་ལྟར་ང་རང་གི་ཉེ་འཁོར་གྱི་གྲོགས་པོ་མང་བོ་ཞིག་གིས་དེ་མཐོང་ནས་ཁོང་ཚོས་ང་རང་ཨ་རག་འཐུང་རྒྱུ་མང་དྲགས་དེ་ཤི་རྒྱུར་དོགས་ནས་ཐེངས་མང་བོ་ང་རང་ལ་འབོད་སྐུལ་བྱས་མྱོང་ཡོད། འོན་ཀྱང་། ང་རང་ལ་དམིགས་གསལ་གྱི་འགྱུར་བ་གང་ཡང་མ་སོང་། དེ་ནས་ངས་མུ་མཐུད་དུ་ཨ་རག་འཐུང་བ་ཡིན། སྐབས་དེ་ལ་ང་རང་ལ་ཡང་ཨ་རག་འཐུང་བྱེད་ཀྱི་སྒོར་མོའི་ཡང་དཀའ་ངལ་ཞེ་དྲགས་འཕྲད་ཀྱི་མེད་ལ་ངས་ཀྱང་དེ་ནི་ང་རང་གི་དགའ་ཕྱོགས་དང་སྐྱོ་རོགས་ཤིག་ལ་ངོས་བཟུང་དེ་ཨ་རག་འཐུང་བ་ཡིན། མུ་མཐུད་དུ།
དྲ་ གྲོགས་ལགས། ལོ་ངོ་ཁ་ཤས་ཀྱི་རྗེས་སུ་ཨ་རག་ལ་རང་བཞིན་གྱིས་རང་ཉིད་ཀྱི་ཨ་རག་འཐུང་དགོས་ པའི་རྒྱུ་མཚན་རྩད་གཅོད་བྱེད་འདོད་ཀྱི་བསམ་བློ་ཞིག་འཁོར་སོང་བ་ལྟར། ཉིན་མ་རེ་རེ་བཞིན་ངས་རང་ཉིད་ལ་དྲི་བ་འདྲ་མིན་བཀོད་དེ་ཨ་རག་དང་ངེད་གཉིས་བར་ གྱི་འབྲེལ་བ་ལ་བསམ་བློ་གཏོང་བ་དང་དེ་ལ་ལན་རེ་ཨེ་རྙེད་བལྟས་པ་ཡིན། བར་སྐབས་དེ་འདྲ་ཞིག་ལ་ང་རང་ལ་བསམ་བློ་གཏོང་ལུགས་མ་འདྲ་བ་ཞིག་རྙེད་སོང་བ་ལྟར་ཨ་རག་དང་ངེད་གཉིས་ལ་འབྲེལ་བ་བཟང་བོ་ཞིག་མེད་པ་དང་འབྲེལ་བ་དེ་ལ་མུ་མཐུད་དུ་གཡེང་བསྡད་པ་ཡིན་ན། ཨ་རག་གི་ང་རང་ལ་གང་ཡང་བྱེད་ཐུབ་ཀྱི་མི་འདུག དམིགས་གསལ་གྱི་ཨ་རག་གིས་ང་རང་གི་སྐྱོ་སྣང་ཡོད་ཚད་མེད་དུ་འཇུག་པ་ལས་ལྡོག་ནས་ སྐྱོ་སྣང་ཆེ་རུ་གཏོང་བ་དང་ཆག་སྒོ་ཇེ་མང་དུ་འགྲོ་བ། ཨ་རག་འཐུང་ཚར་རྗེས་ཀྱི་ང་རང་ནི་ནམ་རྒྱུན་གྱི་མི་དེ་མ་ཡིན་པ་ཞིག་ཆགས་ཀྱི་ཡོད་པ་ཡང་རང་ཉིད་ཀྱི་དྲན་ཐུབ་ཀྱི་མེད་ལ། རང་གི་ལུས་ཕུང་གི་བདེ་ཐང་དང་རང་ཉིད་མི་ཡུལ་དུ་སྐྱབས་བཅོལ་ལ་ཡོང་དགོས་པའི་དམིགས་ཡུལ་སོགས་ལ་ཡང་བར་ཆད་དང་གཏོར་ལོག་བྱེད་ཀྱི་འདུག་པ་ལས་བཟང་ཕྱོགས་ཀྱི་ གྲུབ་འབྲས་གང་ཡང་མེད་པའི་རྒྱུ་མཚན་དང་གནས་ལུགས་ཤེས་སུ་བཅུགས་སོང་།
དྲ་གྲོགས་ལགས། ཉིན་མ་དེ་ནས་བཟུང་ང་རང་གི་ཨ་རག་འཐུང་མེད་ལ་ཨ་རག་གི་ང་རང་སྐྱོ་སྣང་སེལ་མི་ཐུབ་པའི་རྒྱུ་མཚན་ཡང་གསལ་བོ་རྟོགས་པ་བཞིན། ངས་རང་ཉིད་ཀྱི་གྲོགས་པོ་དག་ལ་ཡང་ཨ་རག་མི་འཐུང་བར་སྐུལ་འདེད་བྱེད་ཀྱི་ཡོད། དེ་ལྟར་ང་རང་ནི་ཨ་རག་ལ་དུངས་ཤ་བརླན་མཁན་ནས་ཨ་རག་དང་གཏན་བྲལ་བྱེད་ཐུབ་མཁན་གྱི་མི་ཞིག་ཆགས་སོང་ལ། དེ་ནས་བཟུང་ལུས་ཕུང་གི་བདེ་ཐང་དང་མིའི་ཆ་འཇོག་ཡང་རིམ་གྱིས་འཕེལ་སོང་། ད་དུང་རང་གི་རྣམ་རིག་ཀྱང་སྔར་ལས་ལྡབས་འགྱུར་གྱི་ཡར་རྒྱས་བྱིན་སོང་། ངས་རེ་བ་ལ་ཨ་རག་ནི་སེམས་སྐྱོ་བའི་སྐབས་སུ་ལྷག་དུ་འཐུང་རྒྱུ་ཞིག་མིན་ལ། དེ་དུས་འཐུང་ན་ཆག་སྒོ་སྣ་མང་བསུ་བའི་སྔ་ལྟས་སུ་གྱུར་འགྲོ་ལགས། རབ་ན་ཨ་རག་དང་ཁྱེད་གཉིས་བར་གྱི་འབྲེལ་བ་ལ་བསམ་བློ་ཞིབ་མོ་ཞིག་འཁོར་ཐུབ་ནས་ང་རང་གི་བསམ་པ་ལྟར་ཁྱེད་རང་ཡང་ཨ་རག་དང་འབྲེལ་ཐག་གཅོད་ཐུབ་པར་ཤོག
དྲ་གྲོགས་ལགས། རེད། མི་མང་བོ་ཞིག་གིས་ཨ་རག་འཐུང་བ་ནི་སྐྱིད་དུས་སུ་སྐྱིད་རོགས་དང་སྡུག་དུས་སུ་ སྡུག་རོགས་བྱེད་ཐུབ་ཟེར་བཞིན་ཡོད་པ་རེད། དེ་ནི་སྐྱག་རྫུན་ཞིག་ལས་དྲང་བདེན་གྱི་སྐད་ཆ་ཞིག་གཏན་ནས་ཆགས་མི་འདུག ངས་འདི་ནས་གང་བྲིས་པ་དག་ཁྱེད་རང་གཙོ་བའི་དྲ་གྲོགས་ཨ་རག་ལ་དགའ་བ་དག་ལ་བསམ་ ཚུལ་བཟང་བོ་ཞིག་གི་ངང་དུ་བྲིས་པ་ལས་མཁས་འདོག་སྟོན་པ་དང་བསླབ་བྱ་བརྒྱབ་པ་དེ་འདྲ་གཏན་ནས་མིན། ང་རང་གི་བསམ་ཚུལ་ནང་ལ་བོད་ལ་ཤ་ཞེན་ཡོད་པའི་བོད་མི་སུ་ཞིག་ཡིན་ཡང་། འདི་ལྟར་ས་མཐའ་ནས་སྡུག་མགོ་ཆང་གི་གནོན་བཞིན་པ་དེ་དག་གོ་ན་མི་འདོད་པ་དེ་ལས་གཞན་གང་ཡང་མིན།