དགུ་རོང་གྲུབ་ཆེན་ཚང་ལ་ཕུལ་བ།

བར་ལ་ཐེ་བྱུས་བྱེད་མཁན་མེད་པ་དང་།།
འགན་འཁུར་གང་ཡང་མེད་པར་སྡོད་མཁན་དག།
མཁས་བླུན་གཉིས་ཀྱི་གླེང་མོལ་བྱེད་ལུགས་འདིས།།
མི་མང་སེམས་ལ་ངལ་བ་མི་སྤྲོད་པར།།
ངལ་གསོའི་ཇ་ཐུན་ཉན་པའི་རེ་སྐུལ་དུ།།
བླུན་པོ་ཞིག་གི་སྐད་ཆའི་མགོ་གཞུག་ལ།།
མཁས་རློམ་ཅན་གྱི་དགུ་རོང་གྲུབ་ཆེན་གྱིས།།
གནམ་ས་གཉིས་ཀ་དབང་བསྒྱུར་བྱེད་རྒྱུ་ཟེར།།
འདི་ཕྱི་གཉིས་ཀ་ང་ཡི་འཆད་རྒྱུ་ཟེར།།
ལྷ་ཀླུ་གཉན་གསུམ་ཕྱི་ལ་བསྒྲོད་རྒྱུ་ཟེར།།
དེ་ལས་བོད་དོན་ཚེ་སྲོག་ཤོར་བ་ཡིས།།
བོད་ཀྱི་འདས་པོ་དག་གི་ཁ་ཆེམས་ཆེད།།
གྲོས་དང་བསམ་ཚུལ་ཡོད་ན་གླེང་རན་རེད།།
ནང་ལ་དཔའ་གཏམ་བཤད་ནས་འདུག་ཚོད་མིན།།
བླུན་པོ་ང་ཡི་ཞུས་པ་ཉན་ཡོད་ན།།
མཁས་པའི་དབང་བོ་དགུ་རོང་གྲུབ་ཆེན་ཚང་།།
ད་ནི་གངས་ཅན་བོད་པ་ཚང་གི་དོན་རེ་ཤོད།།