བསམ་བློ་ལ་བཅོས་སྒྱུར་མེད་ན་སྤྱི་ཚོགས་ལ་འཕེལ་རྒྱས་མེད།
དཔེར་ན། ནམ་རྒྱུན་འཚོ་བའི་ནང་གླེང་བཞིན་པའི་སྐད་ཆ་ཞིག་ནི། དེང་སང་སྤྱི་ཚོགས་སུ་དྲང་བདེན་འགྲོ་ས་མེད་པ་དང༌། སྤྱང་པོ་བྱས་ན་གྱོང་མི་རེག་ཅེས་པ་དེ་རེད། མ་གཞི་ཡ་རབས་སྤྱོད་བཟང་དང་དྲང་བདེན་སོགས་དགོས་པ་ཤེས་བཞིན་དུ་གོང་གི་སྐད་ཆ་དེ་ཉིད་སེམས་སུ་ཉར་ཞིང་དེའི་རྗེས་སུ་ཁྱི་བཞིན་འབྲང་ནས་ཉི་མ་སྐྱེལ་བཞིན་ཡོད། དོན་ལ་བསམ་བློར་བཅོས་སྒྱུར་ཅི་ཡང་མེད་པས་ནམ་ཡང་རང་སར་ལྷགས་ཡོད་པ་ཅི་ཡང་རྟོགས་མེད། དེ་བཞིན་ྋསྐྱབས་མགོན་རིན་པོ་ཆེར་དད་པ་ཡོད་ཚུལ་དང༌། ནང་ཆོས་ལ་ཡིད་ཆེས་ཡོད་ཚུལ་སོགས་ཁ་ནས་བཤད་སྤོབས་ཀྱང༌། སོ་སོའི་སྒེར་དོན་ལ་ཐུག་ཚེ་ལ་རུ་འཛེག་སྤོབས་ལ། ཐུར་དུ་འབབ་ནུས་ཤིང་འཕྲང་ལས་བརྒལ་ཐུབ་པ་མ་ཟད་གདུག་རྩུབ་དང༌། ཤིང་འབུ་བཞིན་ལྐོག་ནས་ཟ་བཞིན་གཡོ་སྒྱུའི་བྱུས་ངན་བཤམ་པར་ཐེ་ཚོམ་ཅི་ཡང་མེད། དེ་ལྟར་བགྱིས་ཚེ་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དང་འགལ་བ་དང༌། ནང་ཆོས་ཀྱི་ས་མཚམས་ལས་བརྒལ་བ་ངོས་འཛིན་མི་བྱེད་པར་དེ་ནི་རང་ཉིད་ཀྱི་བློ་སྟོབས་དང་འཇོན་ཐང་ཞིག་ཏུ་བརྩི་བཞིན་ཡོད། དེས་ཅི་ཞིག་མཚོན་ཞེ་ན། ང་རྒྱལ་དང་མཁྲེགས་འཛིན་གྱི་སེམས་ཚོར་རྣོན་པོ་དེས་གཞན་གྱི་གང་ཡིན་ལ་ཁས་ལེན་མི་བྱེད་པ་དང་ཉམས་ལེན་མི་བྱེད་པ་དེ་རེད།
རྒྱུ་མཚན་དེ་དག་ལ་བསམ་གཞིག་ནན་མོ་བགྱིས་ཚེ། རང་ཉིད་ཡང་དེའི་ནང་དུ་མི་ཚུད་པའི་ངེས་པར་མེད་པར་སྙམ་ནས་དངངས་འཚབ་ཅིག་ཀྱང་སྐྱེ་བཞིན་འདུག དོན་ལ་ང་ཚོར་དཔལ་འབྱོར་དང༌། ཤེས་ཡོན་སོགས་གཞན་ལས་ལྷག་པ་ཞིག་ཏུ་མདུན་སྐྱོད་དགོས་ན། རང་ཉིད་ཀྱིས་སྤྱི་ཚོགས་དང༌། མི་མང་གི་དོན་ལ་བློས་གཏོང་དང་ལེགས་སྐྱེས་གང་འཇོན་གང་ཐུབ་ཅིག་མ་ཕུལ་ན། རང་ཉིད་གཅིག་པུར་རང་དོན་སྒྲུབ་བཞིན་སའི་གོ་ལའི་ཡང་རྩེ་རུ་འཕུར་ལྡིང་བྱ་མི་ཐུབ། ང་ཚོས་ཅི་ཡང་མ་བྱས་སྔོན་ལ་བདག་འཛིན་གྱི་དྲི་མ་མཐུག་པོས་ཡོངས་སུ་གོས་པའི་བསམ་བློ་དེ་ཉིད་ཅུང་ཚད་གཞི་ཅན་དུ་བཅོས་སྒྱུར་དགོས་པ་གལ་ཆེན་པོ་ཡིན་པར་མཐོང་ལ། རང་ཉིད་ཀྱི་མངའ་ཐང་དང་ཤེས་ཡོན་གྱི་གོ་ས་གང་འཚམ་རེ་ཐོབ་ཚེ་དེ་ཉིད་བེད་སྤྱོད་ཀྱི་ཁོར་ཡུག་མ་ནོར་བ་དགོས་པ་ཡང་དེ་བས་གལ་ཆེ། དཔེར་ན། ལོ་ཤས་སྔོན་བྱུང་ཟིན་པའི་འཇིགས་སྐུལ་དྲག་སྤྱོད་པས་ཨ་རིའི་ཁང་ཆེན་གཏོར་བ་ལྟར་ཤེས་ཡོན་གྱི་གནས་ཚད་མཐོན་པོ་ཡོད་པའི་དྲག་སྤྱོད་པའི་ནུས་ཤུགས་དེ་ཉིད་སྤྱི་ཚོགས་ཟང་ཟིང་དང༌། མི་གསོད་གཏོར་རླག་གི་ཆེད་དུ་བེད་སྤྱོད་བྱས་པ་དེ་སེམས་ཕམ་དགོས་པ་དང༌། ཡིད་སྐྱོ་དགོས་པ་རང་རེད།
ང་ཚོ་དམིགས་བསལ་གྱི་སྤྱི་ཚོགས་ནང་འཚོ་མཁན་དང༌། ཡང་ན་དམིགས་བསལ་གྱྀ་བཙན་བྱོལ་བ་ཞིག་གི་ངོས་ནས་བཤད་ན་བསམ་བློ་གཏོང་དགོས་པ་མང་ལ། ཁ་ཕྱོགས་འཚོལ་དགོས་པ་མང༌། ཚགས་ཤོག་དང་དྲ་རྒྱ་སོགས་སུ་རང་ཉིད་ཀྱི་བསམ་ཚུལ་འཛེམ་མེད་དུ་འདོན་དགོས་པ་རང་ཉིད་ཀྱི་འགན་འཁྲི་དང་ཐོབ་ཐང་ཡིན། ཡིན་ན་ཡང་དྲི་མ་མ་དག་པའི་རང་ཉིད་ཀྱི་བསམ་བློ་དེས་གཞན་གྱི་ལྟ་ཚུལ་དང་ཐ་ན་གཞན་གྱི་རྩོམ་ཡིག་ལ་དགག་པ་རྒྱག་གང་ཐུབ་དང་རང་ཉིད་ལ་མིང་སྙན་གྲགས་ཀྱི་རྒྱལ་ཁ་རེ་ཨེ་ཐོབ་སྙམ་པའི་ཀུན་སློང་ངན་པ་ཞིག་གིས་ཁུངས་འཁྱོལ་དཀའ་བས། མདོར་ན་རང་ཉིད་ཀྱི་རྒྱུད་ལ་བདག་གཞན་མཉམ་བརྗེ་དང་བྱང་ཆུབ་ཀྱི་སེམས་སོགས་སྐྱེ་རུ་འཇུག་མ་ཐུབ་རུང༌། མི་རིགས་ཤིག་དང་སྤྱི་ཚོགས་ཤིག་གི་འགན་འཁྲི་ལས་ཚད་བརྒལ་གྱིས་ཕྱོགས་ཞེན་དང་འཐེན་འཁྱེར། རང་ཁེ་གཞན་ཕམ་གྱི་བསམ་བློ་དེ་ཉིད་རྒྱུན་དུ་ཐུགས་ལ་བསྣམས་པ་ཡིན་ན། སྤྱི་ཚོགས་འཕེལ་རྒྱས་གཏོང་བ་ལྟ་ཞོག རང་ཉིད་ཀྱི་བསམ་དོན་འགྲུབ་པར་འགལ་རྐྱེན་མང་ལ། ྋགོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་ཐག་རིང་ངོ༌།།