གསེར་མདོག་གི་ཉི་འོད།
རྒྱལ་བློན་ནང་འཁྲུག་བརྒྱབ་པའི་གཡུལ་ས་ནས།།
བཙན་པོའི་གདུང་བརྒྱུད་ཉག་ཕྲན་རྩེ་ནས་ཡལ།།
རྒྱལ་ཕྲན་སིལ་མར་འཐོར་བའི་བྱང་བརྒྱུད་ན།།
གྲུབ་མཐའི་འཁོན་འཛིན་གཡོ་བའི་རླུང་འཚུབ་ལྡང༌།།
སེར་པོ་ཧོར་གྱིས་བྱང་ནས་དམག་གིས་བཙེས།།
ནག་པོ་རྒྱ་ཡིས་ཤར་ནས་སྲིད་ཀྱིས་སྡང༌།།
ཨ་ཙཱ་ར་ཡིས་ལྷོ་ནས་སེམས་ཁམས་བསྒྱུར།།
དུ་རུ་ཁ་ཡིས་ནུབ་ནས་གནས་སྒོ་བཀག།
ཡར་ཀི་གནམ་གྱི་རྒྱལ་མོའི་བཀའ་ཁྲིམས་ཀྱིས།།
མར་ཀི་མགོ་ནག་མི་ཡི་གཉའ་ནས་གནོན།།
ལྐོག་གྱུར་ལས་ཀྱི་རྣམ་སྨིན་ལྕི་མོ་ཡིས།།
བོད་ཁམས་སྨག་དང་མུན་པའི་ཁུང་བུར་བཙུད།།
གནམ་མཐའ་མེ་ཡིས་འཚིགས་པའི་དུ་ཞགས་འཁྲིགས།།
ས་མཐའ་ཆུ་ཡིས་ཁྱེར་པའི་རླབས་རིས་གཡོ།།
གནམ་ས་ཆ་ལོང་བརྡེབ་པའི་གྲུ་ག་ནས།།
མགོ་ནག་བོད་པ་ཚང་གི་ལས་དབང་འཚོལ།།
དབུས་ཀྱི་སྐུ་དྲག་བཙན་པོའི་ཐོ་བ་དང༌།།
མཐའ་མཚམས་གཞུང་དམག་རྐུན་པོའི་ལྕགས་ཧྲེང་གིས།།
རྒྱལ་ཁམས་སིལ་བུར་གཏོང་བའི་སྐྱོ་གར་ཁྲོད།།
ནང་འཁྲུག་ཐལ་རླུང་མཚུབ་མས་ཉི་འོད་སྒྲིབ།།
ལྷ་ལ་ཐལ་མོ་སྦྱར་བའི་ཡིད་ཆེས་དང༌།།
འདྲེ་ལ་གཏོར་མ་བརྫངས་པའི་རྣམ་རྟོག་བར།།
རྨོངས་དད་བྲག་རྫོང་བརྩེགས་པའི་འཇིག་རྟེན་འདིར།།
གཟུགས་མེད་རྨི་ལམ་ལྗང་ཁུས་མཚན་ལྗོངས་བསྐྱལ།།
ཡོད་ཚད་ལྷ་ལ་བཅོལ་བའི་ཡིད་ཆེས་འོག།
ངག་རྒུ་འདྲེ་ཡིས་བྱས་པའི་རྣམ་རྟོག་ལངས།།
ནག་པོ་རྒྱ་ཡིས་གཙེས་པའི་གསུབ་ཀ་ནས།།
ཁ་རྗཻ་དབང་ཐང་དགྲ་བོའི་ལག་ཏུ་ཤོར།།
པཎ་གྲུབ་བཅུ་བདུན་ཕེབས་པའི་བཀའ་དྲིན་ཟབ།།
དོན་ཚན་བཅུ་བདུན་བཞག་པའི་ལོ་རྒྱུས་སྙན།།
སུམ་ཅུ་སོ་བཞིའི་གྲངས་ཁ་བསྡོམས་པའི་གསེབ།།
ལུས་སེམས་སྣ་ལྔའི་འཇའ་རིས་དཀྱིལ་ན་གཉིད།།
དམུ་ཐག་རལ་གྲིས་བཅད་པ་བཙན་པོའི་རྒྱུད།
མི་འུ་གདོང་དྲུག་མཆེད་པའི་ཚ་བརྒྱུད་ཚོ།།
རང་དབང་རླུང་གིས་བདས་པའི་མུན་ཁྲོད་ནས།།
མི་ཡུལ་སྐྱབས་བཅོལ་འཁྱམས་པའི་སྐྱོ་གར་རིང༌།།
ལྟོས་དང་ཕ་གིའི་ཤར་ནུབ་རྒྱལ་ཁབ་ཚོར།།
སྲིད་འབྱོར་རིག་གསུམ་དར་བའི་དཔལ་ཡོན་ལ།།
སྣུམ་ཟད་མར་མེ་འདྲ་བའི་བོད་འབངས་ཚོ།།
སེམས་ཁམས་སྐྱོ་བའི་ན་བུན་མི་འཐིབས་སམ།།
ད་ནི་ཊི་བྷེ་ཊ་ཡི་མི་རིགས་ཚོ།།
སེམས་ཆུང་སྡུག་གིས་བཀང་ཡང་མི་ཕན་པས།།
མགོ་བོ་གནམ་ལ་བཀྱགས་ནས་གཟིགས་མོ་མཛོད།།
ཞི་བདེའི་དེད་དཔོན་མཛད་འཕྲིན་གསན་རོགས་གྱིས།།
སྐུ་ཡི་མེ་ཏོག་ཤར་མཐའི་ཡུལ་ནས་འཁྲུངས།།
ཐུགས་ཀྱི་ཟེའུ་འབྲུ་ལྷ་ལྡན་ཡུལ་ནས་རྒྱས།།
གསུང་གི་འཕྲིན་ལས་འཛམ་བུ་གླིང་ལ་ཁྱབ།།
ཡ་མཚན་རྣམ་ཐར་རི་མོ་རྫོགས་པ་མེད།།
ཤར་ཕྱོགས་མགོ་ནག་མི་ཡི་འཇིག་རྟེན་དང༌།།
ནུབ་ཕྱོགས་མགོ་སེར་ཡུལ་གྱི་རྒྱལ་ཁམས་ལ།།
ཡར་ཀི་གནམ་ནས་ཤར་བའི་ཉི་མ་བཞིན།།
ཀུན་ལ་སྙོམས་པའི་འོད་སྣང་ལྷམ་མེར་འཕྲོས།།
ཁ་རྩངས་ནུབ་ཕྱོགས་ཨ་མེ་རི་ཁ་ནས།།
འབངས་སྡེ་ཆིག་ཏུ་སྒྲིལ་བའི་གྲོས་ཚོགས་ནང༌།།
མཚོ་བཞི་གླིང་ལྔའི་འགྲོ་བ་མི་ཡི་ཁྲོད།།
ཡ་མཚན་འབུར་དུ་ཐོན་པ་ཁྱེད་ཉིད་བདམས།།
ཐེག་ཆེན་ཆོས་ཀྱི་གླིང་ནས་ཞབས་ཀྱིས་བཅགས།།
མང་སྡེ་ཆིག་སྒྲིལ་ཚོམས་ཆེར་ཞབས་ཟུང་འཁོད།།
འཛམ་གླིང་རྒྱལ་པོ་ཇོ་ཤི་བྷུ་ཤི་དང༌།།
ཚོགས་གཙོ་ལྕམ་སྐུ་ནེ་སན་པོ་ལོར་མཇལ།།
མི་ཚོགས་ཁྲི་ཕྲག་འདུས་པའི་ཚོགས་ར་ནང༌།།
གྲགས་ཅན་མི་སྣ་མང་པོའི་བསྔགས་བརྗོད་སྙན།།
སེར་པོ་གསེར་གྱི་གཟེངས་རྟགས་མེ་ཏོག་ཅན།།
ཨ་རིའི་སྲིད་འཛིན་བྷུ་ཤུའི་ཕྱག་ནས་བཞེས།།
ཆར་འདོད་བྱེའུ་འདྲ་བའི་མི་ཚོགས་ལ།།
བོད་རྒྱའི་དཀའ་རྙོག་གསལ་བའི་བསྒྲགས་གཏམ་སྤེལ།།
ཞི་བདེའི་གསུང་འཕྲིན་སྙན་པོས་འགྲོ་བ་ཀུན།།
ཡིད་སེམས་གཅིག་ཏུ་འགུག་པའི་ཆོ་ག་བསྐྲུན།།
འཚུབ་མའི་རླུང་གི་སྐུལ་བའི་མཚོ་གྲུ་བཞིན།།
དམག་དང་འབྱུང་བཞི་འཁྲུག་པའི་འཇིག་རྟེན་འདིར།།
འཛམ་གླིང་སྤྱི་པའི་དཀོན་མཆོག་གཅིག་ཉིད་དུ།།
ཁྱེད་ལ་རེ་བའི་མེ་ཏོག་ཀུན་གྱིས་གཏོར།།
འཇིག་རྟེན་མི་ཡུལ་སྤྱི་ཡི་བདེ་སྡུག་དང༌།།
བྱེ་བྲག་གངས་ཅན་བོད་ཀྱི་བསྟན་སྲིད་ཟུང༌།།
གནམ་གྱི་མཐོངས་ནས་་དོག་མོ་ས་ཡི་བར།།
ཁྱེད་ལས་གཉིས་པའི་སྐྱབས་མགོན་མེད་པར་ཤེས།།
ད་ནི་ཁ་བ་རི་བའི་རྗེ་འབངས་ཚོ།།
ཕ་བསད་དགྲ་ལ་མགོ་འདོགས་མི་དགོས་པར།།
རང་དབང་བདེན་པའི་ཉི་མ་སྟོང་གི་འོད།།
མི་མངོན་གནམ་གྱི་མཐོངས་ནས་འཆར་ལ་ཉེ།།
རང་དབང་བདེན་པའི་ཉི་འོད་འདྲེན་པ་ཡི།།
ཞི་བདེའི་སྐྱ་རེངས་གསར་པའི་ཁ་ལོ་བ།།
ཕྱག་ན་པདྨོའི་སྐུ་ཚེ་མཛད་འཕྲིན་ལ།།
རྟག་བརྟན་གཡུང་དྲུང་རི་མོས་ཤིས་པ་སྒྲུབས།།
ད་དུང་གསོན་དང་བོད་རིགས་སྤུན་ཟླ་ཚོ།།
ྋགོང་ས་ཆེན་པོའི་རྨད་བྱུང་མཛད་པ་ལ།།
ངོ་མཚར་ཡ་མཚན་སྟོང་གི་མཛེས་བཀོད་ཅན།།
ཆེས་མཐོའི་གཟེངས་རྟགས་ཕུལ་བ་ཤིན་ཏུ་མང༌།།
འོན་ཀྱང་གངས་ལྗོངས་ཡོངས་རྫོགས་རང་བཙན་དང༌།།
ཆེས་མཐོའི་རང་སྐྱོང་འབུལ་མཁན་སུ་ཡང་མེད།།
རྩ་དོན་འདི་ཉིད་གནམ་ནས་འབབ་པ་དང༌།།
ས་ནས་སྐྱེ་བའི་རེ་བ་གང་ཡང་མེད།།
ལྷ་ལ་རེ་བ་བཅོལ་བའི་བྱིན་རླབས་དང༌།།
འདྲེ་ལ་གཏོར་མ་བརྫངས་པའི་གནོད་བཟློག་གཉིས།།
རང་བཙན་ལེན་པའི་ཐབས་འཕྲུལ་མ་ལགས་པས།།
འདི་ཡང་སེམས་ཀྱི་ཟུར་ན་ངེས་པ་དགོས༌།།
གོང་སའི་བཀའ་ཡི་མེ་ཏོག་གཙུག་ཏུ་བཀུར།།
རང་དབང་གཙང་མའི་རྩ་དོན་སེམས་ན་ཉར།།
འཚེ་མེད་ཞི་བའི་ལས་འགུལ་ལག་ཏུ་བསྟར།།
ད་ནི་རང་བཙན་ལེན་པའི་དུས་ལ་བབ།།
མགོ་ནག་མགོ་སེར་གཉིས་ཀྱི་སྤྱི་གཙུག་ན།།
ཉི་ཟླའི་དཀྱིལ་འཁོར་བཞིན་དུ་ཤར་བ་ཡི།།
ཡིད་བཞི་ནོར་བུ་རང་ལག་ཡོད་དུས་འདིར།།
ནོར་བུའི་ནོར་ཉམས་ཆོད་དང་བོད་རིགས་ཚོ།།
གཞིས་བཞུགས་བོད་པས་ལུས་སྲོག་འགྲོ་གྲོན་གཏོང༌།།
ཕྱི་སྡོད་སྤུན་ཟླས་བདེན་པའི་ཁྱབ་བསྒྲགས་སྤེལ།།
རི་ཁྲི་ཆུ་སྟོང་བརྒལ་བའི་འཕྲང་སྣེ་ནས།།
གཞིས་བྱེས་མཉམ་དུ་མཛོམས་པའི་དུས་ཚོད་ཉེ།།
ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར།།
དེ་སྲིད་བོད་འབངས་ཡོངས་ཀྱི་མགོན་མཛད་ནས།།
དམངས་གཙོའི་གསེར་གྱི་རྩིབས་སྟོང་འཁོར་ལོ་ཡིས།།
ཞི་བདེས་དབང་དུ་སྒྱུར་དང་གངས་ཅན་མགོན།།
བསམ་ཞིང་བསམ་ཞིང་ཚོར་འདུའི་མེ་རླབས་གཡོ།།
གཡོ་ཞིང་གཡོ་ཞིང་སེམས་ཀྱི་སྙན་ངག་བྲིས།།
བྲིས་ཤིང་བྲིས་ཤིང་རྫོགས་མཐའ་མི་འདུག་ཀྱང༌།།
སེམས་ཀྱི་སྙན་ངག་འབྲི་མཚམས་འདི་ནས་བཞག།
སྐུལ་བའི་རྩོམ་འདི་འབྲི་བར་ཆེས་སྤྲོ་ཡང༌།།
དུས་ཀྱི་རྒྱལ་མོའི་བཀོད་སྒྲིག་འགག་དོགས་པས།།
ཟླ་ངོ་བཅུ་ལྷག་ལུས་པའི་མཇུག་སྣེ་ནས།།
དེ་རིང་ཉིན་མོར་ཐོལ་བྱུང་བྲིས་པ་ལགས།།
དྷ་ས་གངས་སྐྱིད་སྤྱི་འཐུས་ལྷན་ཁང་དུ། ༢༠༠༨།༦།༢༥།ཉིན་བྲིས།
གསེར་གྱི་གཟེངས་བསྟོད་དུས་དེབ་ཐོག་བཀོད།
