ལྕམ་ཧེ་ལི་རི་ཁི་ལིན་ཊོན་གྱི་གསུང་བཤད།

ཨ་རིའི་གཞུང་གསར་པའི་ངོས་ནས་ཁུའུ་བྷ་རྒྱལ་ཁབ་ལ་ཆབ་སྲིད་ཀྱི་ལམ་ཕྱོགས་བསྒྱུར་བཅོས་བཏང་འདོད་ཡོད་སྐོར་གསུངས་ཡོད་པ་རེད། དེ་བཞིན་མིག་སྔར་འཕྲད་བཞིན་པའི་འཛམ་གླིང་གི་དཀའ་ངལ་འདི་ཨ་རི་ཁོ་ནས་སེལ་ཐབས་བྲལ་བ་ཞིག་ཡིན་པ་དང༌། འོན་ཀྱང་འཛམ་གླིང་གི་དཀའ་ངལ་འདི་སེལ་བ་ལ་ཨ་རི་ནི་མེད་དུ་མི་རུང་བ་ཞིག་ཡིན་པས། ང་ཚོས་རྟག་ཏུ་འབོད་བཞིན་པའི་འཐུས་སྒོ་ཚང་བའི་ནུས་ཤུགས་དེ། ངེས་པར་དུ་ཡན་ལག་ཚང་བའི་ཐོག་ནས་བེད་སྤྱོད་ཐུབ་པ་བྱེད་དགོས་ཅེས་དང༌། བྱང་ཀོ་རིའི་ཡའི་རྡུལ་ཕྲན་བཟོ་སྐྲུན་གྱི་གནད་དོན་ཐད་སྲིད་འཛིན་ཨོ་བྷ་མ་མཆོག་གིས་རྒྱལ་ཁབ་དྲུག་ལས་གྲུབ་པའི་ཞི་མོལ་ལྷན་ཚོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་རེད། ཉི་ཧོང་དང་ཨུ་རུ་སུ། ཨ་རི། རྒྱ་ནག ལྷོ་ཀོ་རི་ཡ། བྱང་ཀོ་རི་ཡ་བཅས་ཀྱིས་གྲོས་མོལ་མུ་མཐུད་ནས་རྒྱུན་སྐྱོང་བྱས་པའི་དམིགས་ཡུལ་གཙོ་བོ་ནི། བྱང་ཀོ་རི་ཡའི་རྡུལ་ཕྲན་བཟོ་སྐྲུན་གྱི་ལས་གཞི་འདི་མཚམས་འཇོག་བྱེད་དགོས་པ་དེ་ཡིན་ཞིང༌། ཨ་རི་གཞུང་དང་བྱང་ཀོ་རི་ཡ་གཉིས་དབར་གཉིས་མོས་ཀྱི་འབྲེལ་ལམ་རྒྱུན་མཐུད་བྱེད་ཆེད་དུ་རྒྱལ་ཁབ་དྲུག་ལས་གྲུབ་པའི་ཞི་མོལ་ལྷན་ཚོགས་ལ་དུས་ཚོད་ངེས་ཅན་ཞིག་མཁོ་སྤྲོད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།