བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།
སྤྱི་པའི་རྐུབ་ཀྱགས་འཚང་ཀ་བྱེད་དུས།།
སྤྱི་པའི་ལས་ཀ་འཐུས་ཤོར་གཏོང་དུས།།
སྤྱི་པའི་རྒྱུ་ནོར་ཧམ་ཟོས་བྱེད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
སྐུ་དྲག་མཐོན་པོས་རྒྱལ་ཁབ་བཙོང་དུས།།
ཚོང་པ་རྒྱག་པས་གསེར་སྐུ་བཙོང་དུས།།
ལྷ་ལྕམ་མཛེས་མས་རང་ལུས་བཙོང་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
སློབ་དགེ་མཁས་པས་ར་གཟི་བྱེད་དུས།།
སློབ་ཕྲུག་བུ་མོས་བྱི་ཕྲུག་ལེན་དུས།།
སློབ་གྲྭའི་ཡིག་ཚད་དངུལ་གྱིས་ཉོ་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཨ་ལགས་སྤྲུལ་སྐུ་མག་པ་འགྲོ་དུས།།
ཨ་ཁུ་དགེ་བཤེས་སྐྱ་སར་བབ་དུས།།
ཨ་ནེ་མཛེས་མའི་ནུ་མ་འབུར་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཨ་རིའི་ཝི་ས་དངུལ་གྱིས་ཉོ་དུས།།
ཨ་རིའི་རྒྱལ་ཁབ་ལྷ་ཡུལ་རྩི་དུས།།
ཨ་རིའི་ཌོ་ལར་ནོར་བུར་རྩི་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
རྨོངས་དད་བྲག་གི་རྫོང་གོག་བརྩིགས་དུས།།
ཉིན་མཚན་མེད་པར་གཉིད་ལ་ཡུར་དུས།།
རྨི་ལམ་ནང་དུ་ལྷ་ཡུལ་སླེབས་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
མངོན་སུམ་བསྟན་ན་མིག་ཟུང་བཙུམས་དུས།།
ལྐོག་གྱུར་བཤད་ན་རྣ་བ་བཀབ་དུས།།
རྫུན་གྱི་ཁུང་བུ་བདེན་པར་འཛིན་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
དངོས་ཡོད་གནས་ལུགས་ཁྱད་བསད་བྱེད་དུས།།
དངོས་མེད་ལྷ་མཆོད་འདྲེ་རྡུང་བྱེད་དུས།།
རྗེས་ལུས་ཐེབས་ཀྱང་སྔོན་འཐོན་རློམ་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
དབང་ཆེན་དཔོན་པོས་ལྐོག་བརྔན་ཟ་དུས།།
དབང་ཆ་བེད་སྤྱོད་ལོག་པར་གཏང་དུས།།
དབང་མེད་ཉམ་ཆུང་རྡོག་རྫིས་གཏོང་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཁྱོ་ག་ཤི་ནས་ཞག་གསུམ་ལེན་དུས།།
ཁྱོ་ཡན་འཚོལ་ནས་ཆང་ས་རྒྱག་དུས།།
ཁྱོ་དགུ་འགྲིམས་པའི་ལྟད་མོ་མཐོང་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ལོ་བརྒྱད་བྱིས་པས་མ་ཅང་རྩེ་དུས།།
ལོ་བཅུ་བུ་མོས་དགའ་རོགས་སྒྲིག་དུས།།
གསེར་སྐུ་བཙོང་ནས་སྦག་སྦག་ཞོན་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
བུ་སྤུན་ནངཁུལ་ལག་འཛིངས་བྱེད་དུས།།
ཕ་མའི་རྒྱུ་ནོར་ཧ་ཐོབ་བྱེད་དུས།།
སྤུན་མཆེད་ནང་མིའི་བརྩེ་བ་བརླགས་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
སྦི་ཨར་མང་པོ་ཞབས་ཏག་རྒྱག་དུས།།
ཆང་ཁང་བུ་མོ་པང་ལ་ཉལ་དུས།།
བཟའ་ཟླ་བུ་ཕྲུག་སེམས་ལ་བརྗེད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཝི་སི་ཀི་ཡི་ཨ་རག་བཏུང་དུས།།
མ་ཧྥོ་རོ་ཡི་ཐ་མག་འཐེན་དུས།།
ནང་འཁྲོལ་གློ་བ་ནག་པོ་ཆགས་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཀ་ཁ་མི་ཤེས་བརྒྱད་སྟོང་ཀློག་དུས།།
གོས་ཐུང་གོན་ནས་གྲོང་ཆོག་འགྲོ་དུས།།
ཕྲེང་བ་བགྲང་ནས་མོ་ལུང་གནང་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཤིང་ནགས་གསེབ་ནས་རང་བཙན་འབོད་དུས།།
ཆང་ཁང་ནང་དུ་ལ་རྒྱ་བཤད་དུས།།
བཟའ་ཟླའི་སྟེང་ལ་དཔའ་རྟགས་བཞག་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
དབྱིན་སྐད་ཤེས་ན་མཁས་པ་རྩི་དུས།།
རྒྱ་སྐད་བཤད་ན་འཇོན་པོ་རྩི་དུ།།
རང་སྐད་རྒྱག་ན་ལྐུགས་པ་རྩི་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
བྱ་ཤ་ཉ་ཤའི་གསོལ་སྟོན་ཕེབས་དུས།།
གཞུང་སྒོ་རྒྱབ་ནས་ལྟག་སྒོ་ཕྱེ་དུས།།
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་འཆག་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཆོས་ཁྲིའི་ཐོག་ནས་ཆོས་མིན་གསུང་དུས།།
ཆོས་གོས་གོན་ནས་ཆང་རག་འཐུང་དུས།།
ཆོས་ཁྲིམས་དར་གྱི་མདུད་པ་ཞིག་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ལྷ་རམས་དགེ་བཤེས་ལག་ཁྱེར་བཞེས་དུས།།
རྣམ་དབྱེ་གཉིས་བཞིའི་ཁྱད་པར་རྨོངས་དུས།།
གཏོང་ཡིག་ཙམ་ཡང་འབྲི་ཤེས་མེད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
གཞུང་ལས་ཁང་དུ་གཉིད་ཀྱོག་རྒྱག་དུས།།
གཞུང་གི་ལས་ཀ་འཐུས་ཤོར་གཏོང་དུས།།
གཞུང་གི་ཟླ་ཕོག་ཆད་མེད་ལེན་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
དམངས་གཙོའི་རྩ་ཁྲིམས་ཁ་ལ་ཁུར་དུས།།
དམངས་ཀྱི་ཐོབ་ཐང་རྩིས་མེད་གཏང་དུས།།
དམངས་ཀྱིརེ་བ་རླུང་ལ་བསྐུར་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཁ་ནས་དམངས་གཙོའི་བཀའ་སློབ་གནང་དུས།།
ཁོག་ཏུ་རང་གཙོ་ལྟ་བ་འཛིན་དུས།།
ཁ་ཞེ་འགལ་བ་ལྟག་སྤྲོད་བྱེད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཉིན་མོར་ལྷ་ཁང་མཇལ་ཁ་འགྲོ་དུས།།
མཚན་མོ་སྒེ་ཁུངས་ནང་ནས་འཛུལ་དུས།།
རྩ་ཆེན་གསེར་སྐུ་རྐུ་མ་ཤོར་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཕ་ཡུལ་བཞག་ནས་མི་ཡུལ་འཁྱམས་དུས།།
དབུ་སྐྲ་བཞག་ནས་དྷ་ས་ཉུལ་དུས།།
བོད་མོ་བཞག་ནས་དབྱིན་མོ་དེད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
རང་བཙན་གཙང་མ་མེད་ཀྱང་འགྲིགས་དུས།།
སྤྲོད་མཁན་མེད་ཀྱང་གདམས་ཁ་བསྐོར་དུས།།
གཞུང་དམངས་གཉིས་ཀ་གཉིད་ལ་ཡུར་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཆོས་སྡེ་ཆེན་པོར་དགེ་བཤེས་གཏོང་དུས།།
ཆོས་པ་བྱས་ནས་བྱ་བྲལ་ཕེབས་དུས།།
ཆོས་ཚོགས་བཙུགས་ནས་ཆོས་ལོག་བཤད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
སྐྲ་ནག་བུ་མོའི་ལང་ཚོ་རྒྱས་དུས།།
སྐྲ་སཻར་རྒན་པོའི་རྐུབ་རྩར་རྒྱུག་དུས།།
ཨེ་ཚི་ན་ཚས་རང་སྲོག་ཕུང་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཆོས་དང་རིག་གཞུང་ཁ་ནས་བཤད་དུས།།
ཆོས་མིན་བྱ་བ་ལྐོག་ནས་བྱེད་དུས།།
ཆོས་དང་འཇིག་རྟེན་གཉིས་ཀར་འགལ་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཆོས་གོས་གོན་ནས་ཆོས་པ་རྫུས་དུས།།
ནག་ཚོང་རྒྱབ་ནས་ནག་མོ་འཛག་དུས།།
རང་བཙན་བཤད་ནས་རང་དོན་སྒྲུབ་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
རང་ཡུལ་དགྲ་བོའི་ལག་ཏུ་ཤོར་དུས།།
རང་ཡུལ་བཞག་ནས་མི་ཡུལ་འཁྱམས་དུས།།
རང་ཡུལ་བརྗེད་ནས་མི་ཡུལ་བསྡད་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
མཐོ་སློབ་ལག་འཁྱེར་ཕྱག་ལ་བསྣམས་དུས།།
གཞུང་ཞབས་བསྡད་ནས་གཞུང་ལས་གནང་དུས།།
དག་ཆ་མེད་པའི་ཕྱག་བྲིས་འབྲི་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
སྐྱབས་རྟེན་བསྔོ་རྟེན་རྐུ་མ་བྱེད་དུས།།
འབྱོར་ལན་རྫུན་མས་མགོ་བསྐོར་གཏོང་དུས།།
གཞུང་དམངས་གཉིས་ལ་ཞབས་འདྲེན་ཞུས་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
ཨ་མདོ་མཁས་པས་སྟོང་བཤད་བྱེད་དུས།།
ཨ་རེ་ཁམས་པས་ཁུ་ཚུར་འཕྱར་དུས།།
ཨ་ཇོ་དབུས་པས་སྟོང་བསམ་གཏོང་དུས།།
བེ་རི་སྨྱོན་པ་སླར་ཡང་སྨྱོ་སོང༌།།
༢༠༠༠ལོ་ཡས་མས་ལ་བྲིས། ༼གཉན་ཆེན་ཐོག་ལྷ༽ གསར་ཤོག་ཐོག་བཀོད། མ་ཟིན་ཐ་ཐོར་ཞིག་འདུག་པ་དེར་ཉེ་ཆར་ཚིགས་བཅད་ཁ་ཤས་གསར་དུ་བསྣན་ནས་གངས་ལྷ་སྒེག་མོའི་ངུ་རྒྱང་ཐོག་བཀོད།
