ཡ་ང་བའི་དམྱལ་བ་དང་ལྟ་ན་སྡུག་པའི་ལྷ་ཡུལ་གང་དུ་ཡོད།

མི་རྣམས་ལ་གནའ་དེང་གི་ཤེས་བྱ་ལ་ཞིབ་འཇུག་བྱེད་པའི་མཐུན་རྐྱེན་ཡང་བཟང་དུ་ཕྱིན་ཡོད་ཅིང༌། ཕྲ་མོ་རྒྱང་ཤེལ་གྱིས་བལྟས་པ་དང་རི་རབ་རྫས་རིགས་ཀྱིས་བཅོམ་པའི་ནུས་སྟོབས་རྒྱས་པ་དང་དུས་མཚུངས། ཡོད་ཚད་མཐོང་དགོས་པ་དང་མཐོང་འདོད་པའི་ཁེངས་རློམ་གྱི་ལྟ་གྲུབ་འཛིན་མཁན་མང་བ་འདིའང་ཁག་མི་འདུག་སྙམ་ལ། འོན་ཏེ་གང་ཟག་བྱེ་བྲག་པས་མ་མཐོང་བས་མི་འདུག་དང༌། འཕྲུལ་རིགས་ཀྱིས་མ་འཛིན་པས་མི་སྲིད་དོ་སྨྲས་པ་ན་ཅུང་ཟད་བློ་རྩིང་པ་མཐོང་སྟེ། ཡོད་ཚད་ང་ཚོའི་མཐོང་ཡུལ་དང་ཐོས་ཡུལ་དུ་གྱུར་དགོས་ན། རྣལ་འབྱོར་པས་ཐོས་བསམ་གྱིས་འབད་པས་འཇུག་པའི་ས་ལམ་དེ་དགོས་མེད་དུ་འགྱུར་འགྲོ་བ་ཡིན་ནོ། ཕྱོགས་གཞན་ཞིག་ནས་ཆོས་གཞུང་ནང་གསུངས་པ་ཡོངས་རྫོགས་སྒྲ་ཇི་བཞིན་དུ་ཁས་བླངས་མི་རུང་ལ། དེ་དང་དེའི་སྐབས་ཀྱི་དགག་བྱ་དང་དགོས་པར་དགོངས་ནས་གསུངས་པའི་བཀའ་རྣམས། ཡུལ་དུས་དེ་ལ་འཚམས་པར་གོ་བ་ལེན་ནས་དགོངས་པ་གཞན་དུ་བགྲང་དགོས་པ་ལས། ཡུལ་དུས་འདི་ལ་འཚམས་པོ་མི་འདུག་ཟེར་ནས་རྒོལ་གཏམ་སྤེལ་བའི་ལས་ལ་འཇུག་པ་ནི། དཔྱད་པའི་བློ་རྩལ་མ་སྨིན་པའི་རྟགས་མཚན་ཙམ་དུ་ཟད་དེ།  མ་སྐྱེས་དགྲ་ཡི་འགྱོད་པ་སེལ་བའི་མདོ་ལས།
¿ཕ་དང་མ་ནི་གསད་བྱ་ཡིན།།
རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌།།
ཡུལ་འཁོར་འཁོར་དང་བཅས་བཅོམ་ན།།
མི་དེ་དག་པ་ཉིད་དུ་འགྱུར།།¿ ཞེས་སོགས་ཕ་དང་མ་གསད་བྱ་ཡིན་ཞེས་པའི་དགོངས་པ་གཞན་དུ་བགྲང་དགོས་པ་བཞིན་ནོ། འདི་དང་ཕྱོགས་མཚུངས་པ་གདུལ་བྱ་སོ་སོའི་ཁམས་དང་མོས་པ་ལས་ཀྱི་སྣང་ངོར་གྲུབ་པར་གཙོ་བོར་བྱས་ནས་གསུངས་པའི་རྒྱུན་མཚན་གྱིས། ཐུབ་པ་གཅིག་ཁོ་ནའི་གསུང་ལས་གོ་ལ་རི་རབ་ལ་གནས་པ་གསུངས་པ་དང༌། ཡང་དུས་འཁོར་སོགས་སུ་གོ་ལ་ཟླུམ་གཟུགས་ཅན་དེང་སྐབས་རིག་གསར་ཚན་རིག་པས་ངེས་རྙེད་བྱུང་བ་ལྟར་དུ་གསུངས་པ་བཅས་སྣ་ཚོགས་མཇལ་རྒྱུ་ཡོད། དམྱལ་བ་ལའང་མངོན་པའི་ལུགས་དང་ས་སྡེ་ལྔ༌། དྲན་པ་ཉེར་བཞག་གི་མདོ་སོགས་ལས་གཞི་རྒྱ་ཆེ་ཆུང་དང༌། གནས་གཞི་རྡོ་རྗེ་གདན་གྱི་འོག་ཏུ་བརྩི་སྲོལ་ཡོད་མེད་བཅས། ཅུང་མི་མཐུན་པའི་ལུགས་མང་བ་འདིའང༌། དེ་དང་དེའི་ཚེར་སྣོད་རུང་དང་སྣོད་རུང་མ་ཡིན་པའི་གདུལ་བྱ་ལ་དགོངས་ནས་གསུངས་པར་འདོད་དོ།
དེ་ལྟར་ཡིན་དུ་ཆོག་ཀྱང་ཚུལ་ཇི་ལྟར་སེམས་ཅན་སོ་སོར་ལས་མཐུན་གྱི་འཇིག་རྟེན་གྲུབ་ཟེར་ན།  རྒྱལ་སྲས་ཞི་བ་ལྷས།
¿ལྕགས་བསྲེགས་ས་གཞི་སུ་ཡིས་བྱས།།
མེ་ཚོགས་དེ་དག་ཅི་ལས་བྱུང༌།།
དེ་འདྲ་དེ་དག་ཐམས་བཅད་ཀྱང༌།།
སྡིག་སེམས་ཡིན་པ་ཐུབ་པས་གསུངས།།¿ ཅེས་གསུངས་པ་བཞིན་ལྕགས་བསྲེགས་ལས་གྲུབ་པའི་དམྱལ་བའི་ས་གཞི་དང༌། མཛེས་སྡུག་ལྟ་བས་མི་ངོམ་པའི་ལྷ་ཡི་ཞིང་ཁམས། སྡུག་བསྔལ་ཕྲ་མོ་ཙམ་ཡང་མེད་པའི་དག་ཞིང་སོགས་ནི་ཡུལ་གཞན་དང་གནས་གཞན་ལ་ཆེད་དུ་བགྲོད་མི་དགོས་པར། དགེ་སྡིག་གི་ལས་ཀྱིས་རང་སྣང་དུ་གྲུབ་པར་འདོད་ལགས། དེ་བས་དཔལ་ལྡན་ཟླ་བ་གྲགས་པས། ¿སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དུ།། སྣོད་ཀྱི་འཇིག་རྟེན་ཞིང་དུ་སྣ་ཚོགས་བཀོད།།¿ ཅེས་དང་ཡང་ཁོང་གིས། ¿ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌།¿ ཞེས་སོགས་གསུང་པའི་དགོངས་པ་ནི་འཇིག་རྟེན་གྲངས་ཀྱིས་མི་ཆོད་པ་ཡོངས་རྫོགས་སེམས་ཅན་རང་རང་གི་སེམས་ཀྱི་དགེ་སྡིག་ཁོ་ནས་བསྐྲུན་པ་ལས་གཞན་དུ་མེད་དེ། ལྷ་དང་མི་དང་ཡི་དྭགས་གསུམ་གྱིས་དུས་གཅིག་ལ་ཆུ་འབབ་ཀླུང་ལ་བལྟས་པའི་ཚེ་ན། ལྷ་ཡི་མཐོང་ལམ་དུ་བདུད་རྩི་དང་མི་ལ་ཆུ་རག་པ་ཡི་དྭགས་ལ་ཁྲག་རྣག་མཐོང་པ་དེ། ཡུལ་ཆུ་འབབ་ཀྱི་ཀླུང་ལ་འགྱུར་ལྡོག་འགྲོ་བ་མ་ཡིན་པར། ཡུལ་ཅན་གང་ཟག་སོ་སོའི་ལས་ཀྱི་སྟོབས་ལས་གྲུབ་པར་གསུངས་ཏེ། མངོན་པ་མཛོད་རང་འགྲེལ་ལས།
¿ཡང་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་རྣམ་པ་མང་པོ་སྣ་ཚོགས་པ་བཤད་པ་གང་ཡིན་པ་དེ་སུས་བྱས་ཞེས་ན། སུས་ཀྱང་བློ་སྔོན་དུ་བཏང་ནས་བྱས་པ་ནི་མེད་དེ། འོ་ན་ཇི་ལྟ་བུ་ཞེ་ན། སམས་ཅན་རྣམས་ཀྱི་ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།¿ ཞེས་གསུངས་པ་རྣམས་དགོངས་པ་གཅིག་ཏུ་མཐུན་ལ། ང་ཚོས་ཡོད་ཚད་མཐོང་འདོད་པ་དང་མཐོང་དགོས་ན། ས་ལམ་ཉམས་རྟོགས་ཀྱི་རྒྱང་ཤེལ་བརྒྱུད་ནས་གཟིགས་དགོས་པ་ལས། ཕལ་པའི་མིག་དང་རྣ་བ་འདི་ཙམ་གྱིས་མཐོང་འདོད་པ་ནི་ངལ་བའི་རྒྱུ་ལས་གཞན་ནི་མེད་ལ། ས་སྐྱ་པཎ་ཆེན་གྱིས་སྡོམ་གསུམ་རབ་དབྱེའི་ནང་མངོན་ཤེས་དང་རྫུ་འཕྲུལ་མེད་ན་ཤམ་བྷ་ལར་བགྲོད་མི་ནུས། གསུངས་པ་ལྟར། མངོན་ཤེས་དང་རྫུ་འཕྲུལ་གྱི་གཤོག་ཟུང་མེད་ན་ཕལ་པའི་ལྕགས་གཤོག་འདིས་གོ་མི་ཆོད་པ་དང་གཅིག་མཚུངས་ཡིན། དེ་བཞིན་ཡུལ་ཅན་བློ་ཡི་ནུས་སྟོབས་རྒྱས་པའི་མཐུ་ལས་ཡ་མཚན་གྲུབ་པའི་གཟིགས་སྣང་འོངས་པ་དང༌། དག་སྣང་གིས་འཇིག་རྟེན་གྲུབ་པ་བཅས་སྣ་ཚོགས་པ་འདིའང༌། འུ་ཅག་གྲུབ་མཐའ་དང་སྒོམ་སྒྲུབ་ལ་བློ་ཁ་མ་ཕྱོགས་པའི་སོ་སྐྱེ་ཕལ་པས་མཐོང་དགོས་ཟེར་ན་འདིའང་བློ་ཁ་རྩིང་སྟེ། དགེ་ཆོས་ཀྱི་གསེར་ཐང་ལས།
¿ཐོག་མ་མེད་ནས་རྟག་ཏུ་འགྲོགས་པ་ཡི།།
མི་འགྱུར་སེམས་ཀྱི་གཤིས་ཀྱང་མི་མཐོང་ན།། བཙན་ཐབས་སྒོམ་གྱིས་གསར་དུ་བསྐྱེད་པ་ཡི།།
ཡ་མཚན་གྲུབ་པའི་གཟིགས་སྣང་ག་ལ་མཐོང༌།།¿ ཞེས་གསུངས་པ་འདི་ནི་ཆེས་རྨད་དུ་བྱུང་བའི་གདམས་ངག་ཏུ་འཁུམས་སོ། ད་ནི་ཁོ་བོ་དཔེའི་ལམ་ནས་ཅུང་ཙམ་བརྗོད་ན། ང་ཚོ་རྨི་ལམ་གྱི་ཞིང་ཁམས་ཉུལ་བའི་ཚེ་ན། ལྟ་ན་སྡུག་པའི་ཡུལ་ལྗོངས་དང་འཇིགས་སུ་རུང་བའི་གཅོང་རོང༌། རྟག་ཏུ་ཞེན་པའི་དོན་འགྲུབ་པ། རྐང་ལག་བརྐྱངས་ནས་མཁའ་དབྱིངས་སུ་བྱ་ལྟར་འཕུར་བའི་སྐབས། ཇི་སྲིད་རྨི་ལམ་གྱི་ཞིང་ཁམས་ནས་ཕྱིར་མ་ལྡོག་བར། དེ་སྲིད་དུ་ཆགས་ཞེན་དང་འཇིགས་སྐྲག་གི་འཚོ་བ་བདེ་སྡུག་རྣམས་དངོས་སུམ་ལྟར་མྱོང་གིན་ཡོད་པ་དེ། དོན་དུ་རྨི་ལམ་སྐབས་ཀྱི་ཤེས་པ་ཕྲ་མོའི་སྟེང་ནས་དེ་དག་གྲུབ་པ་ལས་གཞན་དུ་མེད་ལ། དུས་ཡུན་རིང་པོའི་ནང་རྨི་ལམ་དེ་ལས་ཕྱིར་ལྡོག་མ་ཐུབ་ཚེ། ཁྱེད་ཀྱི་ཚོར་འདུའི་གནས་གཞི་ནི་རྨི་ལམ་ནང་གི་ཡུལ་ལྗོངས་དེ་ཁོ་ན་ཡིན་ལ། དེས་ན་གང་ཟག་གཞན་ཞིག་གིས་ཁྱེད་ལ་མངོན་དུ་གྱུར་བཞིན་པའི་ཡུལ་ལྗོངས་དེ། འཕྲུལ་རིག་ཀྱིས་མཐོང་བའི་ཐབས་ལ་འབད་ནས་མཐོང་མ་ཐུབ་པའི་ཚེ་ན། མི་འདུག་ཅེས་སྨྲས་པ་བཞིན་དུ། དེང་སྐབས་རིག་གསར་ཚན་རིག་གི་རིག་པ་སྨྲ་བ་འགའ་དང༌། ལྷ་མེད་སྨྲ་བའི་ལྟ་འཛིན་ལ་རློམ་པའི་མཁས་བླུན་མང་པོས་འདི་ལྟར་བསམ་བཞིན་ཡོད་མོད། ང་ཚོ་ཡ་ང་བའི་དམྱལ་བ་དང་ལྟ་ན་སྡུག་པའི་ལྷ་ཡུལ་སོགས་ལྐོག་ཏུ་གྱུར་པའི་རིགས་རྣམས་ལ་བསམ་བློ་འདི་ལྟར་བཏང་ཐུབ་ན། དེ་ཙམ་ཡོད་མེད་ཀྱི་དྭོགས་གཞི་འབྱུང་རྒྱུ་དང་རྩེ་གླེང་གི་ངལ་བ་བརྟེན་དགོས་པར་མ་མཐོང་ངོ༌། ད་དུང་ཡ་མཚན་ཆེ་བའི་གཏམ་འགའ་གླེང་ན། ཨུ་རུ་སུའི་གནམ་གྲུའི་ཁ་ལོ་བ་ཞིག་གིས་ཟླ་བའི་ཉེར་འཁོར་དུ་མཐོ་ཚད་དབྱིན་ཇིའི་ཁྲི་ཙི་བརྒྱ་ལྷག་ཡོད་པ། ལུས་ལ་འོད་འཕྲོ་བ་བརྒྱད་མཐོང་ནས་པར་བརྒྱབ་པ་དང༌། རྒྱ་མཚོ་ཟུར་གསུམ་ཟེར་བ་ཞིག་ཏུ། ཉ་པ་འགའ་ཞིག་གྲུ་གཟིངས་སུ་བསྡད་དེ་ཉ་འཛིན་སར་སོང་བས་ཉ་རྒྱའི་ནང་དུ་རོ་སྟོད་མིའི་གཟུགས། གདོང་མཛེས་མའི་བཞིན་རས་ཅན། མིག་གཉིས་མཐོན་མཐིང་ལྡན་པ། སྐྲ་སེར་པོ་གསེར་གྱི་མདངས་འཛིན་པ། ནུ་མ་ཟུང་མཁྲང་ཤིང་རྒྱས་པ། སྨད་ཉ་ཡི་གཟུགས་སུ་ཡོད་པ། ཤིན་ཏུ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཟིན་ཏེ་སྐམ་སར་འཁྱེར་བ་ན་ཁོ་མོ་སྡུག་བསྔལ་གྱིས་མནར་ཏེ་དབུགས་ཆད་ལ་ཁད་བྱུང་བས། ཉ་པ་རྣམས་ཀྱིས་སྙིང་རྗེ་སྟེ་ཕྱིར་བཏང་པ་དང༌། ཕྱི་ལོ་༡༩༣༩ ཟླ་༣ པར་ལྷོ་ཨ་ཧཕེ་རི་ཁའི་རྒྱ་མཚོ་ནས་མི་མ་ཡིན་གྱི་གྲུ་གཟིངས་སྐྱེ་བོ་རབ་ཏུ་མང་པོས་སྔ་ཕྱི་དུ་མར་མངོན་སུམ་དུ་མཐོང་མྱོང་བ་སོགས། ཡ་མཚན་ཆེ་བའི་གཏམ་འདི་དཔྱོད་ཤེས་རྒྱང་འབོད་ཀྱི་ཚིག་དོན་ལ་དཔྱད་པ་ཟེར་བའི་ཚེ་རིང་བཀྲིས་ཀྱི་དེབ་ལས་བཏུས། ལ་འགྲེལ་བཤད་ཇི་ལྟར་བརྒྱབ་ན་ལེགས་སམ་སྙམ་ལ། མདོར་ན་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ལྐོག་གྱུར་རིགས་རྣམས། རིག་གསར་འཕྲུལ་རིགས་ཀྱིས་རྙེད་མ་མྱོང་ཡང༌། སྐྱེ་བོ་ཕལ་པའི་མིག་གིས་ཡ་མཚན་ཆེ་བའི་ལྷ་ཀླུའི་མཚར་སྡུག་ལོངས་སུ་སྤྱད་མྱོང་བའི་བདེན་དཔང་འདི་དག་ལ། ཡོད་ཚད་ཚན་རིག་གིས་མཐོང་བར་ཞེན་པའི་བསམ་བློ་འཛིན་མཁན་དང༌། ལྷ་མེད་སྨྲ་བའི་ལྟ་གྲུབ་ལ་བློ་སེམས་དཀར་བའི་གཞོན་སྐྱེས་ཚོས་དཔྱད་རྩལ་བརྡར་ནས་ཡང་ཡང་དཔྱད་པ་ཞུའོ། ༢༠༠༨།༧།༡ ཉིན་མཇུག་བསྡུས།