རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཞིག་འཛིན་བཟུང༌།
ཉེ་དུས་ཀིརྟི་དགོན་པར་རྒྱ་གཞུང་གིས་འཇང་དགུན་ཆོས་འཚོག་མ་བཅུག་པ་མ་ཟད། ལོ་གསར་གྱི་སྨོན་ལམ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་ཟླ་བ་གཅིག་ཙམ་སྔ་སྣུར་དགོས་པའི་བཀའ་བཏང་ཡོད་སྟབས། དགོན་པའི་ནང་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་སྔ་སྣུར་བྱེད་པ་སྔར་སྲོལ་མེད་པའི་རྐྱེན་གྱིས་དེ་ལུགས་ཡོང་ཐབས་མེད་སྐོར་གྱི་ཡིག་ཆ་མང་པོ་སྦྱར་འགྲེམས་བྱས་ཡོད་པ་རེད། རང་ལོ་སུམ་ཅུ་སོ་གསུམ་ཡིན་པའི་རྔ་པ་རྨེ་རུ་མའི་གྲྭ་བློ་བཟང་ཆོས་འཕེལ་ལ་ལོ་བཞིའི་ཁྲིམས་ཐག་བཅད་ནས་མེ་ཡཱང་ཞེས་པའི་ས་གནས་སུ་བཙོན་འཇུག་བྱས་ཡོད་པ་རེད། ཉེ་ཆར་འབྲེལ་ཡོད་མི་སྣ་ཞིག་ཁོང་ཐུག་ཏུ་ཕྱིན་སྐབས་དངོས་སུ་ཐུག་མ་བཅུག་པར་ཤེལ་ཁྲའི་རྒྱབ་མདུན་ནས་ཁ་པར་བརྒྱུད་སྐད་ཆ་བཤད་པ་དང༌། སྐད་ཆ་ཤོད་སྐབས་བོད་སྐད་ཚིག་གཅིག་ཀྱང་བཤད་མ་བཅུག་པས། གྲྭ་བློ་བཟང་ཆོས་འཕེལ་གྱིས་རྒྱ་སྐད་ཡག་པོ་ཤེས་ཀྱི་མེད་སྟབས། གནས་སྟངས་འགྲེལ་བཤད་ཡག་པོ་བྱེད་ཐུབ་མེད་པ་དང༌། ཁོང་གི་མིག་གཡོན་མར་ལིང་ཏོག་གིས་བསྒྲིབས་ནས་མཐོང་མི་ཐུབ་པར་ཆགས་ཡོད་འདུག
ཕྱི་ཟླ་༥ ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་སྐབས་གྲྭ་རྡོ་རྗེ་དང༌། ཀུན་དགའ་གཉིས་ཀྱིས་དང་ལེན་མ་བྱས་པར་བརྟེན་འཛིན་བཟུང་བྱས་པ་དང༌། ད་སྐབས་ཁོང་གཉིས་ལ་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་འདུག རྔ་པ་རང་སྐྱོང་ཁུལ་གྱི་བསྒྲགས་གཏམ་ཟེར་བའི་ནང་དུ། ཕྱི་ཟླ་༣ པའི་ནང་རྔ་པ་ཁུལ་གྱི་དགོན་སྡེ་ཡོངས་རྫོགས་ལ་ལོ་གསར་གྱི་སྨོན་ལམ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པ་དང༌། གྲོང་བརྡལ་རེ་རེ་བཞིན་དུ་ལོ་གསར་སྐབས་གཞས་དང་ཞབས་བྲོ་འཁྲབ་པ་དང༌། སྐབས་དེར་ཤོག་སྦག་དང་བཟའ་བཅའི་རིགས་རིན་མེད་དུ་སྤྲོད་རྒྱུ་ཡིན་པ་མ་ཟད། ཀིརྟི་དགོན་པའི་མདུན་དུ་ཡོད་པའི་དཔལ་རི་དུང་སྐྱོང་སྒང་ནས་ཚུར་རྫོང་ལ་ཁ་ཕྱོགས་ནས་ཤོག་སྦག་མང་པོ་སྤར་མཁན་ལ་རྒྱ་སྒོར་ལྔ་ཁྲིའི་རྔན་པ་སྤྲོད་རྒྱུ་སོགས་འཁོད་ཡོད་འདུག འོན་ཀྱང་མང་ཚོགས་ཀྱིས་དེར་དང་ལེན་མ་བྱས་པ་མ་ཟད། ནང་ཁྲིམས་ལྟ་བུར་སྐབས་དེ་དུས་ཤོག་སྦག་སྤར་བ་སོགས་རྔན་པ་ལེན་དུ་འགྲོ་མཁན་བྱུང་ཚེ་སྡེ་པའི་སྐྱིད་སྡུག་ནས་འཕུད་རྒྱུ་དང༌། དེ་མིན་ལོ་གསར་སྐབས་སུ་གྱོན་ཆས་ནག་པོ་གོན་ནས་མྱ་ངན་བྱེད་དགོས་ཚུལ་གྱི་སྐད་ཆ་ཞིག་ཀྱང་མང་ཚོགས་ནང་ཁྱབ་ཡོད་འདུག།
