ཆབ་སྲིད་བཙོན་པ་ཞིག་བལ་ཡུལ་དུ་འབྱོར་འདུག
ཁོང་གིས་སྐབས་དེའི་གནས་སྟངས་སྐོར་གསུང་དོན། ང་ཚོར་སྐད་ཆ་འདྲི་རྒྱུ་ཡོད་ཟེར་ནས་ཁྲིད་སོང༌། ལྷུན་གྲུབ་རྫོང་གི་བཙོན་ཁང་དུ་སྐད་ཆ་གཅིག་ཀྱང་མ་དྲིས་པར་ཆུ་ཚོད་གཉིས་ཙམ་རིང་རྡུང་རྡེག་བཏང་སོང༌། ཁྲིམས་ཐག་རྒྱུན་རིང་ཤོས་བསོད་ནམས་དོན་གྲུབ་ལ་ལོ་༡༢ དང་ཉུང་ཤོས་ལ་ལོ་༡ རེད། གྲྭ་བཞི་བཙོན་ཁང་ནང་སླར་ཡང་༡༩༩༨ ཟླ་༥ ཚེས་༡ དང་༤ ཉིན་བཙོན་ཁང་དུ་བོད་རང་བཙན་དགོས་ཟེར་ནས་སྐད་འབོད་བྱེད་སྐབས་རྡུང་རྡེག་ཚབས་ཆེན་བཏང་སོང༌། སྐབས་དེར་མི་༡༤ ལ་ལོ་ཚད་སྤར་བ་རེད། ཉེས་རྡུང་གཏོང་སྐབས་གློག་དབྱུག་དང་ལྕགས་ཧྲེང་གིས་རྐང་མཐིལ་ནས་མཇིང་པ་བར་རིམ་པས་རྡུང་རྡེག་བཏང་སོང༌། སྐབས་དེར་མི་ཁ་ཤས་ཤིག་གྲོངས་པ་རེད། དེ་ཚོ་ཕལ་ཆེར་མགོ་ལ་ལྕགས་ཧྲེང་གཞུས་པ་འདྲ། ངའི་མགོ་ལ་ཉེན་རྟོག་པའི་རྐང་པས་བརྫིས་ནས། མགོ་ལ་ལྕགས་ཕོག་མ་སོང༌། གྲྭ་བཞི་བཙོན་ཁང་དུ་བཙོན་པ་༣༠༠ ཙམ་ཡོད། ཉིན་ལྟར་བསམ་བློའི་སློབ་གསོའི་ཆེད་སློབ་སྦྱོང་བྱེད་བཅུག་གི་ཡོད་པ་རེད། ༡༩༩༨ ཟླ་༥ ཚེས་༤ ཉིན་འདམ་གཞུང་ཁང་དམར་དགོན་པའི་སྐུ་ཞབས་བསྟན་འཛིན་ཆོས་འཕེལ་ལ་རྡུང་རྡེག་བཏང་བར་བརྟེན། ཁོང་གིས་སྟོད་ཐུང་གི་གོང་བ་ལ་བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན་ཟེར་བའི་ཡི་གེ་ཞིག་སྦྱར་ནས་རང་ཤི་བརྒྱབ་པ་རེད། དེ་བཞིན་དགའ་ལྡན་དགོན་པའི་གྲྭ་པ་མཁས་གྲུབ་ཟེར་བ་ཞིག་ཡོད། ཁོང་ལ་སྐབས་དེར་བརྡུངས་ནས་མེད་པ་བྱས་སོང༌། དེ་བཞིན་དགའ་ལྡན་གྲྭ་བློ་བཟང་དབང་ཕྱུག་ལ་རྡུང་རྡེག་བཏང་རྗེས་སང་ཞོགས་དེར་སྨན་ཁང་དུ་འགྲོ་དགོས་འདུག་ཟེར། ང་ཡོད་སའི་སྒེའུ་ཁུང་ཆུང་ཆུང་ཞིག་ཡོད་པ་དེ་ནས་བལྟས་སྐབས་སྨན་ཁང་དུ་ཁྲིད་རྒྱུ་གང་ཡང་མི་འདུག ཁོང་བཀྱག་ནས་ཁྱེར་སོང༌། དེ་ནས་གྲོངས་པ་རེད། བཙོན་ཁང་དུ་ལྟོ་ཆས་ཐེངས་གསུམ་ཙམ་སྤྲོད་ཀྱི་ཡོད་མོད། གྲོད་ཁོག་བརྒྱག་གི་མ་རེད། ཞོགས་པ་གཅིན་པ་གཏོང་རྒྱུའི་དུས་ཚོད་ཐུང་ངུ་ཞིག་ལས་དེ་ནས་ཉིན་གང་ཁང་པའི་ནང་བཅུག་པ་རེད། ཕྱི་ལོ་༢༠༠༡ ཟླ་༣ ཚེས་༤ ཉིན་གློད་བཀྲོལ་བྱུང༌། དེ་རྗེས་ལོ་གསུམ་གྱི་རིང་ལྷ་ས་ཁུལ་དུ་འགྲོ་སྐྱོད་བྱེད་མི་ཆོག་པ་བྱས་ཡོད་པ་རེད། ལྷག་པར་དུ་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་སྡོན་ཙམ་ན་གང་དུ་ཡོད་མེད་འདྲི་རྩད་ཆེད་ཡོང་ཡོད་མོད་ང་སྐབས་དེ་དུས་ཁམས་ཁུལ་དུ་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།།
་ བལ་ཡུལ་གསར་འགོད་པས།
