ཝཱ་ཎ་མཐོ་སློབ་ཏུ་ཚན་རིག་གི་བགྲོ་གླེང་སྔ་ཕྱི་གཉིས་ཚོགས་པ།
ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༡༥ ཉིན་གྱི་ཞོགས་པ་ཆུ་ཚོད་༩།༣༠ ཐོག་དཔལ་ཨ་ཏེ་ཤ་ཚོགས་ཁང་དུ་ཆིབས་བསྒྱུར་གནང་སྟེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་རྣམས་ལ་འཚམས་འདྲི་ཞུས་ནས་བཞུགས་གདན་འཁོད་འཕྲལ་གཙུག་ལག་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ཚོགས་འདུ་ངོ་སྤྲོད་དང་འབྲེལ།ཚོགས་འདུ་དང་མཐོ་སློབ་ཀྱི་མཚན་བྱང་བཅས་དབུ་འབྱེད་ཀྱི་མཆོད་མེ་ཞལ་འབྱེད་གནང་ཡོད་པ་དང༌། རྒྱ་གར་རིག་གཞུང་ལྷན་ཁང་གི་བཀའ་འཁྲོལ་འོག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློག་གཉེར་ཁང་ཞེས་གཏན་འཇགས་ཀྱི་མཚན་གནས་ཐོབ་པ་དེ་ནི་སྔོན་དང་མི་འདྲ་བར་ཧ་ཅང་གི་ནུས་པ་ཆེན་པོ་དང་ཐོབ་ཐང་ཆེན་པོ་ཡོད་པའི་རྒྱ་གར་རྒྱལ་ཡོངས་ཀྱི་གཙུག་ལག་ཁང་ཞིག་ཏུ་གྱུར་ཡོད་པ་རེད། སློབ་མ་ཁག་ཅིག་ནས་སྐད་རིགས་གསུམ་གྱི་ཐོག་ནས་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་བརྗོད་ཕུལ་བ་དང་སློབ་གྲྭའི་གཞས་ཀྱི་རོལ་དབྱངས་དང་བཅས་པར་སྐད་གསང་མཐོན་པོའི་ངང་ནས་བཏང་ཡོད་པ་རེད། དེ་རྗེས་ཨ་རི་ནས་ཕེབས་པའི་བྷི་ཨེ་ལན་ཝེ་ལས་ནས་ནང་ཆོས་དང་ཚན་རིག་བར་གྱི་འགལ་ཟླ་དང་མཉམ་འབྲེལ་བྱེད་ཐབས་ཅེས་པའི་བརྗོད་གཞིའི་ཐོག་ངོ་སྤྲོད་ཀྱི་གསུང་བཤད་གྲུབ་རྗེས། ྋགོང་ས་མཆོག་ནས་བཀའ་སློབ་བསྩལ་དོན།
“ང་ཐེངས་མང་འདིར་ཡོང་བ་ཡིན། དེ་རིང་འདི་གལ་ཆེན་པོ་ཞིག་ཡིན་ས་རེད། འདིར་གཙུག་ལག་ཁང་ཞིག་གི་གནད་དོན་མ་རེད། མི་རིགས་ཅིག་གི་གནད་དོན་མ་རེད། འདིར་ས་ཡ་དྲུག་གི་གནད་དོན་ཡིན་ས་རེད་”ཅེས་བཀའ་སློབ་ཕེབས་པ་དང༌། “ད་དུང་འདི་ལྟ་བུ་ཚན་རིག་དང་ནང་ཆོས་ཀྱི་བགྲོ་གླིང་གོ་སྒྲིག་བྱེད་རྒྱུ་ཧ་ཅང་གལ་ཆེ་པོ་ཡིན་”པས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད། དེ་ནས་སློབ་གྲྭའི་རིགས་ཀྱི་དྲུང་ཆེ་མཆོག་ནས་མཇུག་བསྡོམས་གསུང་བཤད་གནང་སྟེ་རྒྱལ་ཁའི་ངང་ནས་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་རེད།
ད་རས་ཚན་རིག་དང་ནང་ཆོས་གཉིས་ཀྱི་བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང༌། ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་མཁས་དབང་ ༢༥ དང་རྒྱ་གར་གྱི་གཙུག་ལག་སློབ་ཁང་ཁག་ནས་ཕེབས་པའི་མཁས་དབང་ ༧༠ ལྷག་ཙམ། གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་བཅས་ཁྱོན་ཉིས་བརྒྱ་ལྷག་ཙམ་ཞིག་འདུ་འཛོམས་བྱུང་ཡོད་པ་མ་ཟད། ཉིན་གསུམ་གྱི་ལས་རིམ་ནང་ཚང་མ་མཉམ་བཞུགས་གནང་ནས་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
བོད་གཞུང་དཔེ་མཛོད་ཁང་ནས་གོ་སྒྲིག་གནང་བའི་ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་གི་ལོ་ལྟར་གདན་ས་ཁག་གི་དབུ་མ་འཛིན་གྲྭ་ཡན་གྱི་སེར་མོ་བ་ལ་ཚན་རིག་སློབ་ཁྲིད་གནང་གི་ཡོད་པར་ལྟར། ད་རེས་ཡང་གདན་ས་ཁག་ནས་སེར་མོ་བ་ ༢༩ དང་དཔེ་མཛོད་ཁང་གི་དབུ་འཛིན་གཙོས་པའི་ལས་བྱེད་དྲུག ཨ་རི་ནས་དམིགས་བསལ་སློབ་ཁྲིད་ལ་ཕེབས་པའི་དགེ་རྒན་ལྔ་བཅས་ཕེབས་ཡོད་པ་དང༌། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་མགོན་མེད་ཟས་སྦྱིན་མགྲོན་ཁང་དུ་ཉིན་ལྟར་འཚོག་བཞིན་ཡོད་པ་རེད།། ཝར་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།
