པེ་ཅིང་ཁྲོམ་གཞུང་གི་ཨོ་བྷ་མའི་འདྲ་པར།

དེ་ཡང་ཨ་རིའི་སྲིད་འཛིན་གསར་པ་ཨོ་བྷ་མའི་མཛད་སྒོའི་གཏམ་བཤད་དེ་དང་ཐོག་རྒྱ་ནག་གི་བརྙན་འཕྲིན་ཁག་ནས་བསྟན་ཡོད་ཀྱང༌། གསུང་བཤད་ཀྱི་མཚམས་སུ་གློ་བུར་དུ་བརྙན་འཕྲིན་གྱི་བརྒྱུད་ལམ་ཁ་ཕྱོགས་གཞན་ཞིག་ཏུ་བསྒྱུར་ནས་མི་མང་མགོ་རྨོངས་སུ་བཅུག་པ་དང༌། འགྲོ་བ་མིའི་ཐོབ་ཐང་དང་ཆོས་ལུགས་དད་པ་རང་དབང༌། དམར་ཕྱོགས་རིང་ལུགས་ཀྱི་ཉེས་སྐྱོན་དང་འབྲེལ་བའི་རྒྱ་ནག་ནི་ལོ་གྲངས་བཅུ་ཕྲག་གཅིག་གི་ཡར་སྔོན་ལྟར་གསར་འགྱུར་རྒྱུད་ལམ་སྦས་བསྐུང་ཁོ་ན་བྱས་ཏེ་གནས་འདུག་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།
བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་བའི་ནང༌། རྒྱ་ནག་ཕུད་པའི་སྟོབས་ཆེན་རྒྱལ་ཁབ་མང་ཆེ་བའི་སྲིད་འཛིན་ཚོས་ཨོ་བྷ་མར་དགའ་བསུའི་ཆེ་བསྟོད་ཞུས་ཡོད། དཔེར་ན། ཧཕ་རན་སིའི་སྲིད་འཛིན་གྱིས། ང་ཚོས་སྐོམ་པ་ཆུ་འདོད་ལྟར་ཁོང་དང་ཟླ་བསྒྲིལ་ནས་འཛམ་གླིང་ལེགས་བཅོས་གཏོང་རྒྱུར་རེ་སྒུག་བྱས་ཡོད་ཅེས་དང༌། དབྱིན་ཡུལ་སྲིད་བློན་གྱིས། མཁྱེན་སྟོབས་ཆེ་བའི་མི་འདིས་ཨ་རིའི་ལོ་རྒྱུས་དང་འཛམ་གླིང་གི་ལོས་རྒྱུས་གཉིས་ཀར་ལེའུ་གསར་པ་ཞིག་ཁ་འབྱེད་ངེས་ཡིན་ཞེས་དང༌། ཨོ་སི་ཊུ་ལེ་ཡའི་སྲིད་བློན་གྱིས། མདུན་བསྐྱོད་ཆེན་པོ་འདི་ནི་ཨ་རིའི་མི་མང་ཙམ་མིན་པ། འཛམ་གླིང་འདིའི་ཐོག་མང་གཙོའི་རིང་ལུགས་དང་རང་དབང་སོགས་ལ་ཡིད་ཆེས་བྱེད་མཁན་ཚང་མ་ལ་དགེ་ཕན་ཆེ་ཞེས་དང༌། འཇར་མན་བློན་ཆེན་གྱིས་ཀྱང༌། སྲིད་འཛིན་མཆོག་ལ་ཡོངས་རྫོགས་བསམ་འདུན་བཞིན་འགྲུབ་པའི་སྨོན་འདུན་ཡོད་ཟེར་བ་སོགས་ཀྱིས་མཚོན། མང་གཙོ་དང༌། རང་དབང༌། འདྲ་མཉམ་བཅས་ལ་ཡིད་ཆེས་བྱས་ཏེ་ཁ་ཞེ་གཉིས་མེད་ཀྱིས་འཛམ་གླིང་ཞི་བདེ་ལ་སྨོན་མཁན། མང་གཙོའི་རྒྱལ་ཁབ་ཕལ་ཆེ་བས་ཨ་རིའི་སྲིད་འཛིན་གསར་པ་མཆོག་ལ་དགའ་བསུའི་སྨོན་ཚིག་བསྒྲགས་ཡོད་པའི་གནས་ཚུལ་ཐོན་འདུག