༄༅།།སྐྱེས་གསུམ་མན་ངག་གནད་བསྡུས་བཞུགས་སོ།།
མཛད་པ་ཆོས་ཀྱི་ཆེ་བ་ཉན་བཤད་ལས།།
ཡུལ་དུ་སློབ་མར་བཀྲི་བར་ཐོ་མ་རུ།།
ཡིད་བཞིན་ནོར་འདྲ་བཤེས་གཉེན་བསྟན་པར་གཞན།།
ཐབས་བཟད་མིག་མེད་གཡང་དུ་ལྷུང་བ་བཞིན།།
རིགས་ལྡན་ཡོན་ཏན་བརྙེས་དང་བྱ་བ་མཛད།།
ལུང་རྟོགས་བསྟན་པ་འཛིན་པར་མཐར་ཕྱིན་ནས།།
རྒྱ་བོད་ཡུལ་དུ་སྤེལ་བར་ཆེ་བ་བཞི།།
ཡུལ་དུས་གང་དུའང་ཉན་བཤད་སྔོན་འགྲོར་གདམས།།
དངོས་ལ་མཚན་ཉིད་ལྡན་པའི་བཤེས་གཉེན་དང༌།།
ཕྱོགས་ལྷུང་བྲལ་བར་གཟུར་གནས་བློ་གྲོས་ལྡན།།
དོན་ཆེན་གུས་སོགས་ཚང་བའི་སློབ་མ་ཡིས།།
ཉེས་ཕན་ལེགས་པར་བསམ་ནས་བསྟན་པར་དགོས།།
དེ་ཡང་མཛང་པ་ལྟ་བུ་སེམས་པ་དགུའི།།
དད་གུས་འདུ་ཤེས་བདུན་དང་སྦྱོར་བས་བསྟེན།།
ཉེས་སོགས་ཕན་ཡོན་བཅུ་དང་ཉེས་དམིགས་བཞི།།
ཡང་ཡང་བསམ་ནས་སྦྱོར་བའི་ཆོས་དྲུག་དགོས།།
ཕྱི་མ་དོན་གཉེར་ཕྱི་མར་བདེ་བའི་ཐབས།།
འཆི་བ་རྗེས་དྲན་ཕྱི་མར་ཇི་ལྟར་འབྱུང༌།།
བསྒོམ་ཕན་ཉེས་དམིགས་ཡང་ཡང་བསམ་པ་ལས།།
ངན་འགྲོའི་རྒྱུ་འགོག་མངོན་མཐོ་ངེས་ལེགས་སྒྲུབས།།
དུས་འདིར་ཚེ་ལ་ངེས་མེད་འཆི་རྐྱེན་མང༌།།
གསོན་རྐྱེན་ཉུང་ཞིང་ནམ་འཆི་ངེས་མེད་དེ།།
དང་པོ་ཚེ་ལ་དཔག་མེད་མཐའ་མར་བཅུ།།
རྒན་གཞོན་བར་གསུམ་ད་ལྟར་འཆི་མི་བརྟག།
ཐོག་མར་མངལ་སྐྱེ་ད་ལྟའི་རྒན་རིམ་བར།།
སྐད་ཅིག་ཙམ་གྱིས་གནས་མེད་རྒྱུན་ཆེར་འགྲོ།།
རང་རང་འཆི་བདག་དེ་བཞིན་མྱུར་ཡོང་བས།།
དེ་རིང་མི་འཆི་སྙམ་པའི་གདེང་ཡོད་དམ།།
མི་དང་མི་མིན་འཆི་རྐྱེན་བར་ཆད་ནི།།
དེང་དུས་འཁྲུགས་ཆའི་གློག་རིགས་རྫས་སྦྱོར་རྣམས།།
རྣམ་གྲངས་མང་ཞིང་དེ་མཚུང་བསམ་དྲན་མང༌།།
དེས་རྐྱེན་ནད་ཡམས་རིམ་ནད་གྲངས་མེད་འགྱུར།།
གནམ་གྲུ་སྣུམ་འཁོར་སོགས་ཀྱང་གནས་སྐབས་དང༌།།
རང་རྒྱུ་ལས་ཉོན་ཆགས་སོགས་མ་ལུས་པར།།
འཆི་རྐྱེན་ལས་གཞན་གང་དུ་ཡོད་མིན་པས།།
གསོན་རྐྱེན་སྲིད་ཙམ་དེས་ཀྱང་ཤི་རྐྱེན་འགྱུར།།
འགྲོ་བ་གང་ཞིག་འཆི་རྐྱེན་སྣ་ཚོགས་དབང༌།།
འཆི་བ་ལས་གཞན་མཐོང་ཐོས་ཡེ་མེད་པས།།
དེ་ཚེ་ཆོས་ལས་གཞན་པའི་རང་གི་གྲོགས།།
འཁོར་དང་ལོངས་སྤྱོད་གང་གིས་ཕན་མི་སྲིད།།
རླུང་འཚུབ་དབུས་སུ་སྒྲོན་མེ་ལུས་ཅན་འདིར།།
རྟེན་དང་བརྟེན་པའི་འཇིག་རྟེན་འགྲོ་བར་གང༌།།
འཆི་བདག་མདུན་དུ་སླེབས་དུས་མགོན་སྐྱབས་སོགས།།
སྨན་ལྷའི་རྒྱལ་པོ་བྱོན་ཀྱང་ཕྱི་མར་འགྲོ།།
དུག་སྦྲུལ་ཚང་ལྟར་རིགས་དྲུག་སྡུག་བསྔལ་སོགས།།
ཁྱད་པར་ཚ་བརྒྱད་གྲང་བརྒྱད་ཉི་ཉེ་ཚེ།།
དམྱལ་ཁམས་བཅོ་བརྒྱད་སོགས་ཀྱིས་སྡུག་བསྔལ་རྣམས།།
ཡང་ཡང་བསམ་ནས་ཕྱི་མའི་ཐབས་ལ་འབད།།
འཁོར་ངན་འཇིག་ལས་སྐྱབས་པའི་ནུས་ལྡན་གྱིས།།
བསླུ་མེད་སྐྱབས་གསུམ་ཐུན་མོངས་ཡིན་མིན་ལ།།
སོ་སོའི་ཡོན་ཏན་དགག་སྒྲུབ་བསླབ་བྱ་དང༌།།
ཕན་ཡོན་བརྒྱད་སོགས་ཤེས་ནས་སྐྱབས་སུ་འགྲོ།།
དཀར་ནག་ལས་འབྲས་བླང་དོར་འཇུག་པ་ལ།།
ཡིད་ཆེས་དད་རྩ་མེད་ན་ཐབས་བྲལ་བས།།
ལས་འབྲས་ཀུན་གྱི་ངོ་བོ་དབྱེ་བསྡུ་སོགས།།
ཚུལ་བཞིན་བརྟག་ནས་སྤང་བླང་ཤེས་པར་གྱིས།།
བདེན་བཞིའི་རྒྱུ་འབྲས་འཇུག་ལྡོགས་རིམ་པ་དང༌།།
ཡན་ལག་བཅུ་གཉིས་འཇུག་ལྡོགས་རིམ་གཉིས་ལས།།
འཇིག་རྟེན་སྲེད་པར་འཁོར་ཚུལ་ལེགས་བསམ་ནས།།
ལས་ཉོན་མ་རིགས་འཇུག་རུང་བྲལ་བར་དགོས།།
འདིས་ཀྱང་སྡུག་བསྔལ་ཤེས་ལ་རགས་ལས་པས།།
སྐྱེ་རྒ་ན་འཆི་མི་སྡུག་འཕྲད་པ་དང༌།།
སྡུག་བྲལ་མ་རྙེད་ཕུང་ལྔ་སྡུག་བསྔལ་བརྒྱད།།
ལན་མང་བསམ་ན་གྲོལ་བར་དོན་གཉེར་སྐྱེ།།
ངེས་མེད་ངོམས་མེད་ཡང་ཡང་འདོར་བ་དང༌།།
ཉིང་འཚམས་མཐོ་དམན་གྲོགས་མེད་སྡུག་བསྔལ་དྲུག།
སྲེད་ལ་ཡིད་བརྟན་བྱ་མེད་ངོམས་མཐའ་མེད།།
ཐོགས་མེད་དུག་གསུམ་སྐྱེ་སོགས་བསམ་ལའང་རིགས།།
མདོར་ན་རིགས་དྲུག་སྡུག་བསྔལ་སོ་སོར་དང༌།།
ཀུན་འབྱུང་འཁོར་དང་ཡན་ལག་བཅུ་གཉིས་ལས།།
སྲེད་པར་འཁོར་ཚུལ་ཉིན་མཚན་མ་བསམ་པར།།
གྲོལ་བར་རྫོགས་པར་སྐྱེ་བར་རུས་སྤུ་གོས།།
ཇི་བཞིན་ཕ་རོལ་ཕྱིན་པའི་སངས་རྒྱས་ཉིད།།
བཅོས་མིན་དོན་གཉེར་བློ་ནི་འཇུག་སྒོ་ལ།།
ཇོ་ཆེན་རྒྱུད་པའི་མན་ངག་བདུན་མ་དང༌།།
ཞི་ལྷའི་རྒྱུད་པའི་བདག་གཞན་མཉམ་རྗེ་གཉིས།།
མདོ་རྒྱུད་གྲགས་པས་སྨོན་འཇུག་སེམས་བསྐྱེད་དང༌།།
བྱམས་པས་གསུངས་པའི་སེམས་བསྐྱེད་ཉེར་གཉིས་སོགས།།
རང་རྒྱུད་སྨིན་བྱེད་ཕྱིན་དྲུག་སྤྱོད་པ་དང༌།།
གཞན་རྒྱུད་སྨིན་པར་བསྡུ་བའི་དངོས་པོ་བཞི།།
ཁྱད་པར་བརྩོན་འགྲུས་ཤེས་རབ་ཕར་ཕྱིན་གཉིས།།
དེ་ལས་ཞི་ལྷག་བསྒོམས་པའི་སྤྱོད་པ་དང༌།།
རྩ་ལྟུང་བཅུ་བཞི་ཉེས་བྱས་ཞེ་དྲུག་སོགས།།
རྒྱལ་སྲས་སྤྱོད་པ་མ་ལུས་རབ་རྫོགས་ཤོག།
སྐྱེས་བུ་གསུམ་གྱི་ཉམས་ལེན་གོ་རིམས་བཞིན།།
མདོར་བསྡུས་ཙམ་འདིར་གྲོགས་མིང་སྐུལ་བའི་ངོར།།
སྟོང་མིན་ལས་གཞན་སྙན་ངག་བརྡ་རྙིང་སོགས།།
བྲལ་བའི་གཡོག་པའི་མཁས་གྲགས་ཨེ་མ་ཧོ།།
དུས་འདིར་ཀུན་གྱི་ཚེགས་མེད་ཤེས་འདོད་པས།།
ཁོ་བོས་རྩམ་པ་གང་ཆེས་འདི་ཉིད་ལས།།
བརྡ་རྙིང་བྲལ་བའི་གཡོག་པར་དད་གུས་བྲལ།།
ལྐོག་ཡིག་མཁས་རྟགས་མི་འདོད་རང་འདོད་རྟགས།།
འབྲས་བཟང་འདི་ལ་སྤྱོད་པའི་སྐལ་མཉམ་གང༌།།
སྔོན་འགྲོ་རྗེ་ཡི་ལམ་རིམ་ཆེ་ཆུང་སོགས།།
ཚིག་དོན་རྟོག་པ་ཙམ་ཡང་མ་མཇུག་ན།།
རོ་མྱང་ཇི་བཞིན་སྐྱེ་བར་རེ་ཞིག་བྲལ།།
འདི་འཐུས་རྣམ་དཀར་དགེ་ཚོགས་མ་ལུས་པར།།
ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ།།
འགྲོ་བར་ཀུན་གྱི་ས་ལམ་མཐར་ཕྱིན་ནས།།
སྐུ་གསུམ་གོ་འཕང་འཐོབ་པའི་རྒྱུ་རུ་བསྔོ༎ ཅེས་རྣམ་གྲྭ་དགེ་རྒན་འབྲས་ཉག་རེ་དགེ་སྦྱོང་ཐུབ་བསྟན་ཚུལ་ཁྲིམས་ནས ༢༠༠༩/ ༡/ ༧ ཉིན་རྡ་སར་རྣམ་གྲྭ་རང་ཤག་ཏུ་བྲིས།། དགེ་ལེགས་འཕེལ།། །།