ཨོ་བྷ་མའི་སྲིད་བྱུས།
ཨ་རི་དང་ཨ་རབ་ཀྱི་འབྲེལ་བའི་སྐོར་ལ་སའོ་དྷིའི་གསང་བའི་ལས་བྱེད་ཟུར་པ་དང༌། ཨ་རིའི་ནང་དུ་གཞུང་ཚབ་པ་ཟུར་པ་རྒྱལ་སྲས་ཏུར་ཀི་ཡིས་དངུལ་རྩིས་དུས་བབ་ནང་དུ་རྩོམ་ཞིག་འགྲེམས་སྤེལ་གྱིས་ཨོ་བྷ་མར་ཉེན་བརྡ་ཞིག་བཏང་ཡོད་པ་རེད། ཡང་དེའི་ནང་འཁོད་དོན། ཨ་རིས་སའོ་དྷི་རྒྱལ་ཁབ་དེ་ཨི་ཟི་རལ་དང༌། པཱ་ལི་སི་ཐན་གཉིས་ཀྱི་རྙོག་གླེང་ནང་བཅུག་ནས་སའོ་དྷི་ཨ་རབ་ལ་ཉེན་ཁ་བཟོ་ཡི་འདུག་ཅེས་དང༌། ཁོང་གིས་རྩོམ་ཡིག་དེའི་ནང་ཨ་རིའི་སྲིད་འཛིན་ཟུར་པས་དཀྱིལ་ཤར་ཨེ་ཤ་ཡའི་ནང་སྐྱུག་བྲོ་བའི་རྗེས་ཤུལ་ཞིག་བཞག་ཡོད། གལ་སྲིད་ཨ་རིས་དཀྱིལ་ཤར་ཨེ་ཤ་ཡའི་ནང་མུ་འཐུད་འགོ་འཁྲིད་འདོད་ཡོད་པ་དང༌། ལྷག་པར་ཨ་རབ་རྒྱལ་ཁབ་ལ་མཐུན་འབྲེལ་བྱེད་འདོད་ན་ལུགས་དང་མཐུན་པའི་ངང་ཨི་ཟི་རལ་དང་པ་ལི་ས་ཐན་གཉིས་ལ་བཅངས་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཛ་དྲག་ངང་བྱེད་དགོས་ཞེས་བརྗོད་ཡོད་པ་རེད། ཨི་ཟི་རལ་གྱི་པཱ་ལི་སི་ཐན་ལ་ཁྲིམས་འགལ་གྱིས་དམག་འཁྲུག་ཉིན་༢༢ རིང་བརྒྱབ་ནས་གྷ་ཟའི་མི་མང་༡༣༠༠ བཀྲོངས་པ་དང་༥༠༠༠ ཙམ་རྨས་ཡོད་པ་མ་ཟད། ཁོར་ཡུག་ཀྱང་གཏོར་བཤིག་ཚད་མེད་བཏང་ཡོད་པ་རེད། ཕྱི་ཚེས་༢༢ ཉིན་ཨོ་བྷ་མའི་སྐུ་ཚབ་མི་ཤཱེལ་གྱིས་དཀྱིལ་ཤར་ཨེ་ཤ་ཡའི་རྙོག་གྲ་ཞི་བའི་ངང་སེལ་ཐུབ་པ་བྱེད་ཀྱི་ཡིན་ཞེས་དམ་བཅས་པ་དང༌། པ་ལི་ས་ཐན་གྱི་དྲག་པོའི་ཚོགས་པ་ཧ་མཱ་ས་ཡིས་བརྗོད་ན་ཨོ་བྷ་མའི་སྲིད་བྱུས་སྲིད་འཛིན་ཟུར་པ་བྷུ་ཤི་དང་ཁྱད་མེད་རེད་འདུག་ཅེས་དང༌། ཨི་ཟི་རལ་གྱིས་བརྗོད་ན་ཨ་རིའི་གཞུང་གི་འཛིན་སྐྱོང་གསར་པས་ཨ་རིས་འཇིགས་སྐུལ་རིང་ལུགས་ལ་བརྩི་བའི་ཧ་མཱ་སི་ལ་ད་ཆ་གཡོལ་བཞིན་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད། ཁ་པར་བརྒྱུད་ནས་ཨོ་བྷ་མས་ཨབ་དྷུལ་ལཱ་ཡིས་རྒྱལ་ཁབ་གཉིས་ཀྱི་མཐུན་འབྲེལ་དང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་དང་ཞི་བའི་ལས་འགུལ་སོགས་ལ་རྒྱབ་སྐྱོར་བྱེད་རྒྱུར་ནན་ཏན་གྱིས་བསྔགས་བརྗོད་དང་དྲག་མཚོན་ནག་ཚོང་བཀག་འགོག་བྱེད་པའི་འབོད་སྐུལ་བྱས་ཡོད་པ་རེད། ཁོང་གིས་ཉེ་བའི་ཆར་འཛམ་གླིང་གི་དབུ་ཁྲིད་རྣམས་ལ་འབྲེལ་ལམ་བཙུགས་ནས་འཛམ་གླིང་གི་དཔལ་འབྱོར་དང༌། ཁོར་ཡུག གནམ་གཤིས། དམག་འཁྲུག དེ་བཞིན་མུ་གེ་སོགས་ཀྱི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་པ་རེད། ཨོ་བྷ་མའི་ངོས་ནས་རང་ཉིད་ཀྱི་སྲིད་འཛིན་ལས་སྣེ་བདུན་དང་པོའི་སྐབས་སུ་བྷུ་ཤིའི་སྲིད་བྱུས་ཡོངས་སུ་མེད་པ་བཟོས་བཞིན་པ་དང༌། དེའི་རྐྱེན་གྱིས་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་བར་ཆབ་སྲིད་ཀྱི་འགལ་ཟླ་ཤུགས་ཆེན་འགྲོ་བཞིན་ཡོད་འདུག།
