ལོ་གསར་སྐབས་མྱ་ངན་འདུ་འཛོམས་ཤིག་བྱས་ན་ག་འདྲ་འདུག

ཟླ་འདིའི་ཚེས་༢༤ དགོང་མོར་དྷ་ས་ཡོངས་གླིང་སློབ་གྲྭའི་ནང་དུ་བོད་དོན་གླེང་བ་གོ་སྒྲིག་པ་ཞེས་པའི་གཞོན་སྐྱེས་ཁག་ཅིག་གིས་ཚོགས་འདུ་ཞིག་བསྐོང་བ་དང༌། དེར་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་དང༌། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་སོགས་གཞོན་སྐྱེས་སུམ་བཅུ་ལྷག་འདུ་འཛོམས་ཀྱིས། ལོ་སར་སྤྲོ་སྐྱིད་གཏོང་མིན་སོ་སོས་རང་དབང་ཡིན་པས། མ་གཏོང་ཟེར་གྱི་མེད་སྐོར་བགྲོ་གླེང་བྱས་པ་དང༌། དེར་འཛོམས་ཡོད་པ་རྣམས་ཀྱིས་ལོ་སར་སྤྲོ་སྐྱིད་གཏོང་རྒྱུ་མིན་པ་ཁ་གཅིག་གྲག་ལྟ་བུ་བྱུང་སོང༌། ཡིན་ནའང་ལོ་སར་སྐབས་ལས་འགུལ་ཞིག་སྤེལ་དགོས་མིན་གྱི་སྐོར་བགྲོ་གླེང་འདྲ་མིན་བྱས་མཐར། ལོ་སར་ཚེས་གཅིག་ཉིན་མྱ་ངན་འདུ་འཛོམས་ཤིག་བྱས་ན་ག་འདྲ་ཡོད་མེད་སྐོར་གླེང་སློང་བྱས་རྗེས། ཚང་མས་མོས་མཐུན་བྱུང་ཡོད་པ་རེད། ཡིན་ནའང་གོ་སྒྲིག་ག་འདྲ་དགོས་མིན་དང༌། ཉིན་དེར་ག་རེ་བྱེད་དགོས་མིན། ངེས་པར་དུ་འདུ་འཛོམས་བྱེད་རྒྱུ་ཡིན་མིན་ཐག་གཅོད་གང་ཡང་བྱསམེད་པ་རེད། དེ་ལྟར་བྱས་ན་ག་འདྲ་ཡིན་མིན་སྐོར་ལ་རྒྱ་ཆེའི་མང་ཚོགས་ལ་དྲི་བ་ལྟ་བུ་ཞིག་ཆགས་ཡོད་པ་རེད།།