གླུ་གཞས་འཁྲབ་སྟོན་དང་འཁྲུག་འཛིང༌།

རྒྱ་གཞུང་གིས་མི་མང་རྣམས་ལ་ལོ་སར་གྱི་སྤྲོ་སྐྱིད་ལ་རོལ་དགོས་པ་དང༌། དཔལ་འབྱོར་གྱི་མཐུན་རྐྱེན་ཡང་སྤྲོད་ཀྱི་ཡོད་ཀྱང༌། གཞིས་ལུས་མི་མང་གི་ངོས་ནས་ལོ་སར་གཏོང་གི་མེད་སྟབས། བཙན་བྱོལ་ཁྲོད་ནས་གཞས་བཏང་ན་མི་འགྲིག་ཚུལ་བརྗོད་ཡོད་པ་དང༌། གླུ་གཞས་གོ་སྒྲིག་བྱེད་མཁན་དང་དེ་དག་གི་བར་ཁ་རྩོད་ཤོར་ཡོད་པ་དང༌། གཞས་སྣ་འཁྲབ་སྟོན་ཡང་འཕྲལ་དུ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད། གནད་དོན་དེའི་སྐོར་གོ་སྒྲིག་བྱེད་མཁན་ལ་བཅར་འདྲི་བྱས་པར་རྙོག་གྲ་བཟོ་མཁན་དེ་ཚོ་བོད་ནས་ཡོང་བ་ཁག་ཅིག་རེད་འདུག བོད་དོན་གྱི་ཆེད་དུ་སེམས་ཤུགས་ང་ཚོ་ལའང་ཡོད། གླུ་གཞས་འཁྲབ་སྟོན་ལ་བརྟེན་ནས་བོད་དོན་དྲིལ་བསྒྲགས་ཀྱི་བྱེད་སྒོའང་སྤེལ་གྱི་ཡོད་པ་རེད། བོད་དོན་གྱི་ཆེད་དུ་གླུ་གཞས་རིན་མེད་ཀྱིས་བཏང་ནས་ལས་འགུལ་ཡང་སྤེལ་བ་ཡིན། ཕྱོགས་གཅིག་ནས་གཞས་གཏོང་མཁན་ཞིག་ལ་མཚོན་ན་སོ་སོའི་ལྟོ་གོས་ཀྱང་དེ་ལ་བརྟེན་ནས་ཡོང་དགོས་པ་རེད། ཚང་མས་རང་བཙན་གྱི་སྐོར་ལ་ཤུགས་དེ་འདྲ་ཞིག་རྒྱག་ཐུབ་ཀྱི་ཡོད་ན་ད་ལོ་བལ་གོས་སུཌ་ཊརབཙོང་རྒྱུ་ཡང་མཚམས་བཞག་ནས་ལས་འགུལ་སྤེལ་དགོས་པ་རེད། ལོ་རྗེས་མའི་ནང་དུ་ག་རེ་བྱ་རྒྱུ་འདུག་བལྟ་ཆོག་གི་རེད། མི་དེ་ཚོ་ཆེད་དུ་རྙོག་གྲ་བཟོ་མཁན་རང་རེད། དེ་ཚོ་སུའི་ལས་ཀ་བྱེད་མཁན་ཡིན་མིན་དོགས་པ་ཡོད་ཅེས་བརྗོད་སོང༌། གླུ་གཞས་འཁྲབ་མི་ཆོག་ཟེར་མཁན་ཚོ་སུ་ཡིན་མིན་མི་མང་གི་ཁྲོད་ནས་རྩད་གཅོད་བྱེད་མ་ཐུབ་པས་བསམ་ཚུལ་བཅར་འདྲི་ཞུ་ཡུལ་རག་མ་སོང་ལ། མི་མང་གི་ནང་དུ་ཕྱོགས་གཉིས་ཀ་ལ་བསྟོད་བསྔགས་དང༌། ཕྱོགས་གཉིས་ཀ་ལ་སྐྱོན་བརྗོད་བྱེད་མཁན་ཡང་འདུག།