དཀར་མཛེས་སུ་བོད་མིར་ཁྲིམས་ཆད།

ཁོང་ཚོ་གསུམ་དཀར་མཛེས་དགོན་གྱི་གྲྭ་པ་ཡིན་པ་དང༌། ༢༠༠༨ ལོའི་ཟླ་༥ ཚེས་༡༣ ཉིན་ཞི་རྒོལ་གྱིས་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་དང་སྐད་འབོད་བྱས་རྐྱེན་འཛིན་བཟུང་བྱས་ནས་ཟླ་བ་བཞི་ཙམ་གྱི་རིང་གར་སོང་ཆ་མེད་དུ་གྱུར་འདུག ཟླ་༡ ནང་ཁོང་རྣམས་ཟི་ཁྲོན་ཞིང་ཆེན་ཁོང་གཏོགས་མའེ་ཡཱང་ཟེར་བའི་བཙོན་ཁང་ནས་ཁྲིམས་ཐག་བཅད་ཟིན་པ་མ་ཟད། ཁོང་རྣམས་ཡོད་སའི་བཙོན་ཁང་དུ་དཀར་མཛེས་བ་མི་གྲངས་༡༩ ཙམ་ཡོད་ལུགས་སོགས་ཀྱང་ཟླ་འདིའི་ཚེས་༢༦ ཉིན་གོ་ཐོས་བྱུང༌། ༢༠༠༨ ལོའི་ཟླ་༥ ཚེས་༡༤ ཉིན་དཀར་མཛེས་དགའ་ལྡན་ཆོས་གླིང་བཙུན་དགོན་གྱི་བཙུན་མ་བདུན་དང་མི་སྐྱ་གཅིག་བཅས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་སྐད་འབོད་བྱས་རྐྱེན་འཛིན་བཟུང་བཙོན་འཇུག་བྱས་པའི་ཁོངས་ནས་༢༠༠༩ ལོའི་ཟླ་༡ ནང་རང་ལོ་༢༥ ཅན་གྱི་བཙུན་མ་ཆོས་མཚོ་སྒྲོལ་མའམ་ཆོས་མཚོ་ལ་ལོ་༡ དང་ཕྱེད་ཀྱི་ཁྲིམས་ཆད་བཅད་འདུག་པ་དང༌། ད་སྐབས་རྒྱ་ནག་ཁྲིན་ཏུའུ་གཡས་གཡོན་གྱི་བཙོན་ཁང་དུ་བསྐྱལ་ཟིན་པའི་གནས་ཚུལ་ཟླ་འདིའི་ཚེས་༢༦ ཉིན་འབྱོར་སོང༌།།