ཨ་མདོ་རྔ་པའི་ལོ་གསར།

འོན་ཀྱང་ཁ་སང་རྫོང་ཐོག་ལ་འགྲོ་མཁན་ཚོས་བཤད་ན། ད་ལོའི་ལོ་གསར་གྱི་འགྲོ་སོང་ཚང་མ་རྒྱལ་ཁབ་ཀྱིས་སྦྱིན་རྒྱུ་རེད་ཟེར། ཁྱོད་ཀྱིས་ཨེ་གོ་ཞེས་དྲིས་སོང༌། སློག་པ་གྱོན་མཁན་གྱིས་བཤད་རྒྱུར། དེ་འདྲ་བཤད་ཀྱིན་འདུག་ལ། ངེད་ཚང་གི་ཨ་ཁུ་ཀིརྟི་དགོན་ན་ཡོད་པ་དེས་བཤད་ན་ད་ལོ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རྒྱ་མིའི་ལོ་གསར་དང་བསྟུན་དགོས་ཟེར་ནས་ཚོགས་འདུ་མང་པོ་འཚོགས་ཏེ། ལྷ་སའི་ལོ་གསར་ལ་བསྟུན་མི་ཆོག་པ་མ་ཟད། ཚང་མས་ལོ་གསར་བྱེད་དགོས་ལ་ལོ་གསར་གྱི་མཁོ་དངོས་དག་རྒྱལ་ཁབ་ཀྱིས་སྦྱིན་རྒྱུ་རེད་ཟེར་ཡང༌། ཨ་ཁུ་ཚོས་བཤད་ན་སྤྱིར་ད་ལོའི་ལོ་གསར་མི་རོལ་ལ། ལྷག་པར་རྒྱའི་ཞིང་རྩིས་ཀྱི་ལོ་གསར་དང་མི་བསྟུན་ཟེར་གྱིན་འདུག་ཟེར་ཞེས་བཤད་སོང༌། དེ་དུས་མིས་བཟོས་ཚ་རུ་གྱོན་མཁན་གྱི་གསར་བུ་ཞིག་གིས་བཤད་རྒྱུར། ད་ལོ་བོད་པ་ཡོངས་ཀྱིས་ལོ་གསར་བྱེད་མིན་མི་ཤེས་ཀྱང༌། ང་ཚོ་ནགས་ཚང་མའི་མི་འགའ་རེ་ཚེ་བཙོན་དང༌། འགའ་རེ་ལོ་དྲུག་བདུན། ད་དུང་འགའ་རེར་ཁྲིམས་ཐག་བཅད་མེད་ལ། ད་ལོ་ང་ཚོའི་སྡེ་པའི་ནང་གི་མི་མང་པོའི་ཚེ་སྲོག་ཀྱང་ཤོར་སོང་བས། རྒྱལ་ཁབ་ཀྱི་བཀའ་ཅི་འདྲ་བཙན་ཡང་ལོ་རྒྱུ་མ་རེད་ཅེས་བཤད་སོང༌། དེ་ལྟར་རང་མོས་ཀྱི་གཏམ་གླེང་འགའ་བྱས་རྗེས་རྒད་པོ་ཞིག་གི་བཤད་རྒྱུར། གོ་ཐོས་སུ་ཁ་སང་ཁྱུང་མཆུ་རྫོང་གི་དམངས་འཐུས་ཚོགས་ཆེན་འཚོགས་སྐབས། བླ་སྤྲུལ་དང་འགོ་ཁྲིད་རྒན་པ་འགའ་རེར་ན་ནིང་ཡར་ལངས་བྱེད་སྐབས། སློབ་གསོ་ཡག་པོ་བྱས་པར་བྱས་རྗེས་ཆེ་ཟེར་ནས་བྱ་དགའ་གནང་བ་དང༌། དམངས་འཐུས་རྒྱུན་ལས་ཨུ་ཡོན་གྱིས་བཤད་རྒྱུར། སྤྱིར་ད་ལོ་ང་ཚོ་ཀྲུང་གོས་ཨོ་རྩལ་སོགས་བྱ་གཞག་ཆེན་པོ་མང་པོ་ལེགས་འགྲུབ་བྱུང་བས་ཚང་མས་ལོ་གསར་སྐྱིད་པོ་ཞིག་རོལ་དགོས་ཀྱང༌། ཁྱོད་ཚོ་བོད་པ་ཚོ་གླེན་པ་ཡིན་པས་ད་ལོ་ལོ་གསར་མི་རོལ་ཟེར་བ་དང༌། ལྷག་པར་ལྷ་ས་དང་རྔ་པའི་མང་ཚོགས་ཀྱིས་ལོ་གསར་མི་བྱེད་ཟེར་ཡང༌། རྒྱལ་ཁབ་ཀྱི་མཛོད་ཁང་ནས་དངུལ་མང་པོ་བཏོན་ནས་ལོ་གསར་རོལ་དུ་བཅུག་ཀྱང་ད་དུང་ཁ་ཉན་གྱི་མི་འདུག ང་ཚོ་ཁྱུང་མཆུ་ནས་ད་ལོ་ལོ་གསར་བྱེད་དགོས་ལ། ཁྱོད་ཚོས་མང་ཚོགས་ལ་སློབ་གསོ་ཡག་པོ་བཏང་ནས་ལོ་གསར་རོལ་དུ་ཆུགས་ཞེས་བཤད་ཀྱི་འདུག་ཟེར། དེ་དུས་ཡང་སློག་པ་གྱོན་མཁན་དེས་བཤད་རྒྱུར། ཁྱུང་མཆུ་རྫོང་གི་མང་ཚོགས་ཀྱིས་ལོ་མི་སར་ཞེས་བཤད་ཀྱི་འདུག་ཀྱང༌། ཡང་བླ་དཔོན་རྫུན་རྐྱལ་འགའ་རེས་ཚང་མས་ལོ་སར་རྒྱུ་ཡིན་ཞེས་གསར་འགྱུར་ལ་འགོད་ཀྱིན་འདུག་ཟེར། མང་ཚོགས་ཚོ་སྙིང་མ་རྗེ་ཞེས་བཤད་སོང༌། དེ་ལྟར་ཕྱོགས་ཡོངས་མགྲོན་པོ་ཚོས་སྐད་ཆ་སྣ་ཚོགས་བཤད་ནས་དུས་ཚོད་གཅིག་ལྷག་འགོར་སོང༌། དེ་རྗེས་ངེད་གཉིས་ཟ་མ་ཟོས་ཚར་བས་ཕྱི་དྲོའི་དོན་དག་སྒྲུབ་པར་འགྲོ་དགོས་བྱུང་སོང༌། གོང་དུ་བཤད་པའི་སྐད་ཆ་དག་ནི་༢༠༠༩ ཟླ༡ ཚེས་༡༣ ཉིན་གྱི་སྐད་ཆ་ཡིན་ལ། སྐད་ཆ་འདི་དག་ལ་ལྷད་ཅུང་ཟད་ཙམ་ཡང་འདྲེས་མེད། འོན་ཀྱང་ད་ལྟ་རྔ་པའི་མང་ཚོགས་ཀྱིས་དངོས་གནས་ལོ་གསར་རོལ་གྱིན་ཡོད་མེད་མི་ཤེས།
    གོང་གི་ཟིན་བྲིས་འདི་བོད་ནང་གི་བོད་ཡིག་ཟིན་བྲིས་ཤིག་ནས་བཤུས་ནས་བཀོད་པ་ཡིན། དགོས་དབང་གིས་ཟིན་བྲིས་སྤེལ་མཁན་གྱི་མིང་བྲིས་མེད།