མྱི་ཤི་ཁྱི་ལུས།

མ་རྒན་བཙན་གཡེམ་གཏོང་པའི་འཆལ་ཕོ་ལ།།

སྲིང་མོ་བག་མར་བརྫངས་པའི་མཛད་སྟོན་ཐོག།

མི་ཚོགས་བརྒྱ་ཕྲག་འཛོམས་པའི་ཚོགས་རའི་ནང༌།།

ཆང་རག་ཞབས་ཏག་རྒྱག་པའི་མཛད་སྒོ་ཚུགས།།

 

ཕ་གཞིས་བཙན་འཕྲོགས་བྱས་པའི་དཔོན་ངན་ལ།།

མེས་པོའི་གཅེས་ནོར་ལྐོག་རྔོན་ཕུལ་པའི་རྗེས།།

བསླུ་མེད་མགོན་སྐྱབས་འཛིན་པའི་མཚན་ལྗོངས་སུ།།

རྨི་ལམ་བདེན་པར་འཛིན་པའི་འཁྲུལ་སྣང་རིང༌།།

 

བཟའ་ཟླ་བཙན་འཛག་གཏོང་པའི་ཇག་ཚོགས་མདུན།།

པུས་མོ་ས་ལ་བཙུགས་པའི་གུས་ཕྱག་གིས།།

ནང་མིའི་འདུ་ཤེས་འཛིན་པའི་ཁ་ཐབས་ལ།།

སྙིང་རྗེའི་རེ་བ་འཆང་བའི་སྟོང་བསམ་མང༌།།

 

བུ་རྒྱུད་རྒྱུག་རྡུང་གཏོང་པའི་ཁྱིམ་མཚེས་མདུན།།

ལྕེ་ལེབ་བྲང་ལ་ཐུག་པའི་འཁྲབ་གཞུང་གིས།།

གྲོང་གྲོགས་ཁྱིམ་མཚེས་འདུས་པའི་འཚང་ཀ་གསེབ།།

ཞེ་ལོག་སྐྱུར་མོ་ལྡང་པའི་ཚོར་སྣང་སྟེར།།

 

དམར་ཆུང་སྙིང་གི་གསོན་ཤུགས་ཤི་བ་དང༌།།

བདོས་བཅས་ལུས་ཀྱི་སྟོབས་ཤུགས་ཉམས་པའི་བུ།།

མགོ་བོ་ས་ལ་དྲུད་པའི་སྒྱུ་རྩལ་འདི།།

གསོན་ཡང་ཤི་གྲལ་སྙེགས་པའི་སྣང་བརྙན་ཞིག།

 

 

༢༠༠༧།༧།༡༡།མཚན་མོར་ནོར་གླིང་མཐོ་སློབ་ཀྱི་བགྲོ་གླེང་ཟུར་དཔང་ཞོར་དུ་ནོར་གླིང་ཚོགས་ཁང་ནང་དུ་བྲིས།