སངས་རྒྱས་གཙོ་འཁོར་གསུམ་གྱི་རིང་བསྲེལ་གདན་འདྲེན།
རྟ་དང་རྐང་གསུམ་སོགས་ཀྱིས་ཕྲེང་བསྒྲིགས་པ་དང༌། སློབ་ཕྲུག་གིས་གཙོས་མི་མང་སྟོང་ཕྲག་མང་པོའི་ལག་ཏུ་ནང་པའི་ཆོས་དར་དང་འཕྲེད་དར་སྣ་ཚོགས་ཐོགས་ནས་གདན་འདྲེན་ཞུས་རྗེས་ཕྱི་དྲོ་ཆུ་ཚོད་༣།༣༠ ཙམ་ནས་མི་ལ་མཇལ་ཁ་གནང་ཡོད་པ་རེད།་མངདེའི་སྐོར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཁོངས་མི་འབྲུག་ནས་ཡིན་པ་དྲག་ཤོས་པ་སངས་པདྨ་རྡོ་རྗེ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། ང་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ཚོགས་མི་བྱས་ནས་ལོ་ཉི་ཤུ་ཡིན། ང་རང་ཚོའི་རང་བསྲེལ་དེ་སྔོན་མ་རྒྱ་གར་དུ་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་རིང་བསྲེལ་གཅིག ཤཱ་རིའི་བུའི་རང་བསྲེལ་གཅིག མོའུ་འགལ་གྱི་བུའི་རིང་བསྲེལ་བཅས་ལོ་བརྒྱ་ཡི་གོང་ནས་དབྱིན་ཇི་དེ་ཚོས་དབྱིན་ཇིའི་ལུང་པ་ལ་ཁུར་འགྲོ་ཚར་འདུག བྱང་ཆུབ་ཆེན་པོའི་ཚོས་ཚོགས་དེ་འགོ་འཛུགས་མཁན་ཆོས་རྒྱལ་དྷརྨ་པཱ་ལ་རེད། ཁོང་གིས་འགོ་བཙུགས་ནས་དབྱིན་ཇིའི་དེ་ཚོ་ལ་ཡི་གེ་མང་པོ་བྲིས། འབད་བརྩོན་མང་པོ་བྱས་ནས་རྗེས་མ་རྒྱ་གར་དེ་རང་དབང་རང་བཙན་ཐོབ་ནས་༡༩༤༩ ལོར་སྤྲད་རྒྱུ་བྱས་པ་ལྟར། བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་གདན་འདྲེན་ཞུས་ཏེ་དང་པོ་ཀོལ་ཀ་ཏ་རུ་ཕེབས་པ་རེད། དེ་ནས་ད་བར་དུ་ཀོལ་ཀ་ཏ་རུ་བཞུགས་པ་རེད། བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ནང་དུ་བཀའ་མོལ་བྱུང༌། ཀོལ་ལི་ཀ་ཏར་བཞག་ནས་ཆོ་མི་འདུག རྡོ་རྗེ་གདན་དུ་བཞུགས་ན་ཡག་པོ་རེད་ཅེས་གྲོས་ཆོས་བཞག ན་ནིང་ནས་རྡོ་རྗེ་གདན་དུ་གདན་འདྲེན་ཞུས་པ་རེད། བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་སྟོན་པ་ཡག་པོ་ཞིག་བཞེངས། རང་བསྲེལ་གསུམ་དེ་དེའི་ནང་དུ་བཞུགས་སུ་གསོལ། ལོ་ལྟར་ཕྱི་ཟླ་༢ པའི་ཚེས་གཅིག་ནས་གསུམ་བར་བཅས་ལ་མི་མང་ལ་མཇལ་ཁ་གཏོང་རྒྱུ་ཐག་ཆོད་པ་རེད། ཅེས་དང༌།
བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱི་ནང་དུ་ཕྱི་ལོ་༡༩༥༦ ལོར་སྐབས་དེ་དུས་བོད་རང་དབང་རང་བཙན་སྐབས་རྒྱལ་བ་རིན་པོ་རྒྱ་གར་ལ་གནས་གཟིགས་སུ་ཕེབས་དུས། ཀོལ་ཀ་ཏར་ཡོད་པའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ལ་བཀའ་འགྱུར་ཞིག་གནང་འདུག བཀའ་འགྱུར་དེ་ཁོང་ཚོས་དེ་ག་ཞིག་བཞག་འདུག ང་ཚོགས་པའི་ནང་ལ་སླེབས་ནས་ལྟ་དུས་བཀའ་འགྱུར་ཞིག་རེད་འདུག བཀའ་འགྱུར་དེ་ག་རེད་ཅེས་དྲིས་དུས་ཁོང་ཚོས་ཧ་གོ་མ་སོང་ཟེར། ངས་རྩད་གཅོད་གཏོང་དུས་རྒྱལ་བ་རིན་པོ་ཆེས་༡༩༥༦ ལོར་རྒྱ་གར་དུ་གནས་གཟིགས་ཕེབས་དུས་ཁོང་ཚོར་གནང་འདུག ངས་དེ་འདྲ་བྱས་ནས་བཞག་རྒྱུ་ཡོད་པ་མ་རེད། བཀའ་འགྱུར་ཟེར་བ་དེ་རྩ་ཆེན་པོ་རེད། དེ་ཡག་པོ་ཞིག་ཀློག་ན་མ་གཏོགས་འགྲིག་གི་མ་རེད་ཅེས། ངས་སྒོ་འབྱེད་བྱས་ཀོལ་ཀ་ཏ་ནས་བཀའ་འགྱུར་དེ་ཐེངས་མང་པོ་ཀློག་འདོན་ཞུས་ཚར་བ་རེད། བཀའ་འགྱུར་དེའི་པོད་བཅུ་གཉིས་ཙམ་ཞིག་འཕྲོ་བརླགས་སུ་ཕྱིན་ཚར་འདུག དེ་ཚང་མ་བསྐངས་ནས་དེང་དུས་དཔེ་མི་སྲིད་པའི་ཡག་པོ་བཞག་ཡོད། ཤྲི་ལིངྒ་རུ་ཡོད་པའི་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་བཀའ་འགྱུར་དེ་ལ་ཡིད་ཆེས་ཞེ་དྲག་བྱེད་ཀྱི་འདུག ད་ལོ་ཁོང་ཚོས་རོགས་པ་བྱས། ང་རང་ཚོའི་གོང་ནས་མར་རོགས་པ་བྱས་ཏེ་འབྲུག་ནས་བཀའ་འགྱུར་ཀློག་མཁན་གྲྭ་པ་༥༠ གདན་འདྲེན་ཞུས། བཀའ་འགྱུར་དེ་དང་པོ་ཝཱ་ར་ཎཱ་སི་རུ་ཀློག་འདོན་ཞུས་པ་དང༌། དེ་ནས་རིམ་པས་གནས་ཆེན་ཁག་མང་པོ་ཞིག་ནས་བཀའ་འགྱུར་ཀློག་འདོན་ཞུས་ཤིང༌། རྗེས་མ་དེ་ད་ལྟ་གནས་མཆོག་རྡོ་རྗེ་གདན་དུ་ཀློག་འདོན་ཞུ་བཞིན་ཡོད་པ་འདི་ལོ་འདིའི་ནང་རྒྱལ་བ་རིན་པོ་ཆེས་གནང་བའི་བཀའ་འགྱུར་དེ་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་ཀློག་འདོན་ཞུས་པ་ཚར་དྲུག་པ་དེ་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།། ཐེངས་འདིའི་ཆེད་གཉེར་གསར་འགོད་པས་རྡོ་རྗེ་གདན་ནས།