དགེ་འདུན་པ་འཇུ་བཟུང༌དང་མི་མང་གི་དཀའ་ངལ།
ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་དགོས་པ་སོགས་ཀྱི་དོན་ཚན་སྣ་ཚོགས་འཁོད་པའི་ཡིག་ཆའི་ཐོག་ཏུ་མཚན་རྟགས་བཀོད་དགོས་སྐོར་བརྗོད་པ་དང༌། དགེ་འདུན་པ་སུས་ཀྱང་ཁས་ལེན་མ་བྱས་སྟབས། ཕྱི་ཚེས་༡༦ ཉིན་ལྡན་ཆོས་འཁོར་དགོན་པའི་དབུ་མཛད་ཆེན་མོ་འཇམ་ཤེས་ལགས་འཛིན་བཟུང་བྱས་ནས་དེང་སྐབས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་ཡོད་མི་འདུག ཐོག་མར་མི་མང་ནས་རྙོག་གྲ་ལངས་དོགས་ཀྱིས་མཇོ་མདའ་རྫོང་དུ་ཚོགས་འདུ་ཡོད་ཁུལ་བྱས་འདུག་རུང༌། སྡེ་དགེ་རྫོང་དུ་འབྱོར་རྗེས་རླངས་འཁོར་བརྗེ་ལེན་བྱས་ནས་ཁྲིད་ཡོད་འདུག དེ་རྗེས་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མི་འདུག ཚེས་ ༢༤ ཉིན་དགོན་པའི་དབུ་མཛད་ལས་ཐོག་པ་ཉི་མ་ཚེ་རིང་དང༌། དགེ་བསྐོས་ལྷུན་འགྲུབ། དགེ་བསྐོས་ཟུར་པ་ཉི་གཅེས། དགེ་བསྐོས་ཟུར་པ་ཚེ་རིང་དཔལ་ལྡན། གཉེར་པ་ཟུར་པ་ངག་དབང་བཀྲིས། བཀྲ་རྡོ། བཀྲ་ཤིས་ཟླ་བ་གཙོས་དགེ་འདུན་པ་བདུན་འཛིན་བཟུང་བྱས་ནས་འཇོ་མདའ་རྫོང་དུ་དོ་དམ་བཀག་ཉར་བྱས་འདུག་པ་མ་ཟད། ངོ་ཤེས་གྲོགས་པོ་སོགས་ཀྱང་ཐུག་འཕྲད་རྩ་བ་ནས་བྱེད་བཅུག་མི་འདུག
གཞན་ཡང་དགོན་པའི་མཁན་པོ་ལས་ཐོག་པ་བསྟན་འཛིན་རྒྱལ་མཚན་ལགས་དེང་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌། ཁོང་ནི་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་གནང་ཡོད་པ་དང༌། ༢༠༠༣ ལོར་རང་དགོན་དུ་ཕེབས་ནས་ད་བར་དགོན་པའི་ནང་མཚན་ཉིད་སློབ་ཁྲིད་གནང་གི་ཡོད་པ་རེད། ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་དགོན་པའི་མཁན་པོར་བསྐོས་ཡོད་འདུག གོང་གསལ་དགེ་འདུན་པ་དེ་དག་འཛིན་བཟུང་བྱེད་དགོས་དོན་ནི་ཚེས ༥ ཉིན་འབར་རྫས་གཡུགས་མཁན་ཡིན་པ་དང༌། ཚེས་ ༡༠ ཉིན་མི་མང་ཞི་རྒོལ་སྐབས་སུ་ཁོང་ཚོས་ངན་བསྐུལ་བྱས་པའི་ནག་ཉེས་སྐོར་བརྗོད་འདུག་ཀྱང་དོན་དངོས་ནི་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་གསོ་ལ་དང་ལེན་མ་བྱས་པ་དང༌། ྋགོང་ས་མཆོག་ལ་མཚན་སྨད་མ་ཞུས་པས་འཛིན་བཟུང་བྱས་ཚུལ་བརྗོད་ཀྱི་འདུག དེ་མིན་གྲྭ་ཚེ་བརྟན་བསོད་ནམས་དང༌། ཆོས་སྐྱོང་གཉིས་ཐེངས་མང་པོར་འཇུ་བཟུང་བྱས་ཏེ་ཉེས་རྡུང་ཚབས་ཆེན་ཕོག་ནས་ཕན་ཚུན་འགྲོ་མི་ཐུབ་པའི་གནས་སུ་ལྷུང་ཡོད་འདུག
ཚེས་ ༡༠ ཉིན་ཞི་རྒོལ་འབྱུང་རྩ་གླུ་གཞས་འཁྲབ་སྟོན་པ་ཚོ་ལྷ་སར་འགྲོ་དགོས་སྐོར་གཞུང་གིས་བརྗོད་པར་བརྟེན། འཁྲབ་སྟོན་པ་ཚོས་ཕྱི་ཚེས་༡༢ ནས་ལྷ་སར་མི་འགྲོ་བ་སེམས་ཐག་ཆོད་པོའི་ཐོག་གྲོས་འཆམ་བྱུང་ཡོད་འདུག་རུང་དེར་ཡོད་དམག་དཔུང་དང་རྫོང་དཔོན་སོགས་ཀྱིས་བཙན་དབང་ཐོག་ཚེས་ ༡༤ ཉིན་ལྷ་སར་སྐྱེལ་འདྲེན་བྱེད་རྒྱུར་ཐག་བཅད་ཡོད་འདུག དེའི་དགོང་མོར་གཞས་པ་ཁག་གཅིག་བྲོས་བྱོལ་དུ་སོང་རྐྱེན་ཕྱི་ཚེས་ ༡༥ ཉིན་གཞས་པ་གཞན་རྣམས་ལྷ་སར་བཙན་འཁྲིད་བྱས་ཡོད་འདུག
དགོན་པའི་དགེ་འདུན་པ་དང་མི་མང་ཚོས་ཞུ་འབོད་བྱེད་དགོས་དོན་ནི། ད་ཐེངས་གཞས་པ་ཚོ་ལྷ་སར་འགྲོ་མ་དགོས་ཙམ་བྱུང་ཚེ་ཉེས་ཆད་ཇི་འགེལ་དགོན་པ་རང་ནས་འཁྱེར་རྒྱུ་ཡིན་ཞེས་ལན་མང་ཞུས་འདུག་རུང༌། དེ་ལས་ལྡོག་ཏེ་ཁོང་ཚོར་ངན་སྨས་སྣ་ཚོགས་བྱས་པ་མ་ཟད་དགེ་འདུན་པ་དང་མི་མང་རྣམས་ཕན་ཚུན་འགྲོགས་འདྲིས་མི་ཆོག་པ་དང༌། ས་མཚམས་ཚད་བཀག་བྱས་ནས་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་གྱུར་རྐྱེན་ཉིན་རེའི་འཚོ་བའི་དགོས་མཁོ་ཟས་རིགས་ཉོ་བསྒྲུབ་བྱེད་པ་ལ་ཡང་ཉིན་རེ་ནས་ཉིན་རེ་ཛ་དྲག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་འདུག་ཅེས། གོང་གསལ་གནས་ཚུལ་དེ་འབྲས་བློ་གླིང་གླིང་ཁང་ཚན་རྒན་འཇམ་གཅེས་ལགས་ཀྱིས་དེ་འགྲེལ་བརྗོད་གནང་སོང༌།།
མོན་གྷོ་ས་གནས་གསར་འགོད་པས།
འབྲེལ་བ་གནང་ཡུལ་ ༠༩༧༤༣༢༣༩༤༤T
