གཡུང་དྲུང་བོན།
ན་ཏན་དེ་གཡུང་དྲུང་བོན་གྱི་མཚན་ཉིད། གཡུང་དྲུང་བོན་གྱི་སྒྲ་དོན་ནི། སྐྱེ་མེད་དོན་ལས་མི་གཡོ་བས་གཡུ༵ང༌། འགག་མེད་རྟགས་ལས་མི་འགྱུར་བས་དྲུང༵༌། སྐྱེ་འགག་གཉིས་སུ་མེད་པའི་དོན་སྟོན་ཞིང་གདུལ་བྱ་སྐྱོབ་པར་བྱེད་པའི་ན་བོན༵་ཞེས་བྱ།
རིང་ལུགས་ཀྱི་གྲུབ་མཐའི་ལྟ་སྤྱོད་གཙོ་བོ་ནི། མདོ་ལས། ལྟ་བ་ཡས་ཕུབས་ཤིག སྤྱོད་པ་མས་འཛེགས་ཤིག གཞི་སྙིང་རྗེ་ཆེན་པོ་ལ་ལོངས་ཤིག ཐབས་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་ཅིག ཅེས་པ་ལྟར་ཡིན། དེ་ཡང་སྤྱི་ཀུན་སྤྱོད་ཀྱི་རྣམ་བཞག་སྤང་ལམ་མདོ་དང་བསྟུན་ཞིང༌། ནང་ཉམས་ལེན་གྱི་སྙིང་པོ་སྒྱུར་ལམ་སྔགས་ལ་གནང་བ་དང༌། མཐར་ཐུག་བློ་ཕུགས་ཀྱི་གཏད་སོ་གྲོལ་ལམ་བླ་མེད་རྫོགས་པ་ཆེན་པོར་གཞི་བཅོལ་ནས་མདོ་སྔགས་སེམས་གསུམ་གྱི་གཡུང་དྲུང་བོན་སྒོར་ཞུགས་པ་ཡིན།
སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་བོན་རྣམས་གདུང་འཚོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་སོགས་ཀྱིས་མདོ་འབུམ་རྒྱུད་མཛོད་སྡེ་བཞི་རུ་ཕྱེས་ནས་དེ་དག་སོ་སོ་ལ་དོན་གྱི་དགོངས་འགྲེལ་གྱི་བཀའ་བརྟེན་བརྩམས་ཤིང༌། སློབ་ཚོགས་རིམ་བསྐྱངས་ཀྱིས་སློབ་མ་སོ་སོས་རང་རང་གི་ཡུལ་དུ་བསྟན་པ་རྒྱ་ཆེར་དར་བར་མཛད།
དམིགས་བསལ་ཞང་ཞུང་གི་མཁས་པ་སྟོང་རྒྱུང་མཐུ་ཆེན་དང༌། བོད་ཀྱི་མཁས་པ་ཤ་རི་དབུ་ཆེན་གཉིས་ཀྱིས་གཞི་ལམ་འབྲས་གསུམ་གྱི་བོན་སྡེ་རྣམས་ཞང་ཞུང་སྨར་གྱི་སྐད་ལས་སྤུ་རྒྱལ་བོད་ཀྱི་སྐད་དུ་བསྒྱུར་ཏེ་མདོ་སྔགས་སེམས་གསུམ་གྱི་བོན་བསྟན་རིན་པོ་ཆེ་ལ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོན་གྱི་འཁོར་ལོ་བསྐོར་ཞིང་རྒྱལ་སྲིད་ལུགས་གཉིས་ཟུང་དུ་སྦྲེལ་ཏེ་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཀྱིས་རྩ་བ་རྒྱལ་བུའི་བཀའ་ཁྲིམས་བསྩལ་བའི་མདོ་སོགས་ལ་གཞིར་བཟུང་རྒྱལ་ཁྲིམས་གསེར་གྱི་ཐིག་ཤིང་གིས་གཉའ་མནན། བོན་ཁྲིམས་དར་གྱི་མདུད་པས་དམ་དུ་བསྡམས་ནས་བོད་རྗེ་ཐོག་མར་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་བར་བོད་གངས་ཅན་ཞིང་དུ་དར་ཁྱབ་རྒྱ་ཆེར་བྱུང་བ་དང༌། མདོ་སྔགས་སེམས་གསུམ་གྱི་བོན་སྡེ་སོ་སོར་སྤྱད་ཅིང་ཉམས་སུ་བླངས་བའི་མཁས་པ་དང་གྲུབ་པའི་གོ་འཕང་བརྙེས་པའི་སྐྱེས་མཆོག་བསམ་གྱིས་མི་ཁྱབ་པ་ཞིག་ཀྱང་བྱུང༌།
དེ་ནས་ཉམས་གུད་གང་འཚམས་ཕྱིན་རྗེས་སླར་ཡང་བོད་ཡུལ་སྟོད་སྨད་ཀུན་ཏུ་བྲུ་ཞུ་སྤ་རྨེའུ་གཤེན་ཁྱུང་དང་བཅས་པའི་གདན་ས་ཁག་གིས་གཙོས་གཡུང་དྲུང་བོན་གྱི་འདུས་གྲྭའམ་དགོན་སྡེ་བརྒྱ་ཕྲག་དུ་མ་ཚུགས་ཏེ་བོན་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ཁག་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་སོགས་སྔར་སྲོལ་བཟང་པོ་མ་ཉམས་པར་དར་རྒྱས་སུ་བྱུང་སྟེ་གནས་མུས་སྐབས་སངས་རྒྱས་བསྟན་པའི་དགྲ་བོ་རྒྱ་ནག་གུང་ཁྲན་ཏང་གིས་དྲག་གནོན་ལ་བརྟེན་ནས་མི་ལོ་བཅུ་ཕྲག་གཉིས་ཙམ་རིང་བོད་གངས་ཅན་ཞིང་དུ་གཡུང་དྲུང་བོན་གྱི་དགོན་སྡེ་གཅིག་ཀྱང་མ་ལུས་པ་ཤུལ་མེད་དུ་བཏང་ཟིན་ནའང་གཙོ་བོར་ྋགོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཡི་ཕྲེང་བ་བཅུ་བཞི་པ་ཆེན་པོ་མཆོག་ནས་གཡུང་དྲུང་བོན་གྱི་བསྟན་པ་འདི་ནི་བོད་གངས་ཅན་ཞིང་གི་ལོ་རྒྱུས་དང་ཁ་བྲལ་ཐབས་མེད་པའི་བོད་ཀྱི་ཐུན་མིན་ཆོས་ལུགས་ཤིག་ཏུ་གཙིགས་འབྱིན་གྱིས་ཐུགས་བརྩེས་རྗེས་འཛིན་གནང་བ་དང༌། ཁྱད་པར་དུ་གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་དང༌། ྋསྐྱབས་རྗེ་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་རྣམ་གཉིས་སོགས་གཞིས་བྱེས་གཉིས་ཀྱི་བོན་བསྟན་འཛིན་པའི་སྐྱེས་མཆོག་ཁྱད་པར་ཅན་རྣམས་ཀྱི་ཐུགས་རྗེའི་བཀའ་དྲིན་དང༌། གཞན་ཡང་མི་ལོ་སྟོང་ཕྲག་དུ་མའི་རིང་ཉམས་གུད་དུ་ཕྱིན་མ་མྱངས་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བོན་པོ་རྣམས་ཀྱིས་མཐུན་སྦྱོར་ལེགས་སྦྱར་བཅས་ལ་བརྟེན་ནས་ད་ལྟའི་ཆར་བོད་ཕྱི་ནང་གང་སར་གཡུང་དྲུང་བོན་གྱི་དགོན་སྡེ་བརྒྱ་ཕྲག་གསུམ་མ་ཟིན་ཙམ་སླར་གསོ་དང་བཤད་སྒྲུབ་སྒོམ་གསུམ་དར་ཞིང་རྒྱས་བཞིན་པ་ཡིན།
མདོར་ན་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་ནས་ད་ལྟའི་བར་རྒྱུད་ལུང་མན་ངག་གི་ཟམ་མ་ཆད་ཅིང༌། ཐུགས་རྗེའི་བྱིན་རླབས་ཀྱི་ན་བུན་མ་ཡལ་བར་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་བོད་གངས་ཅན་པའི་ཕ་ཚ་བུ་རྒྱུད་དང་བཅས་པའི་བགོ་སྐལ་དུ་བཞུགས་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་སུ།
སྐབས་བཅུ་བཞི་པའི་བོད་མི་མང་གཡུང་དྲུང་བོན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས་ ༢༠༠༧།༦།༡༠ ལ། ཐ་ཚན་མུ་ཙུག་སྨར་རོ། །