མི་ཉག་ཁུལ་དུ་ལྷ་མི་ཡོངས་ཀྱིས་ལོ་གསར་བཏང་མེད།
ཁོང་གིས་གསུང་དོན་ད་ལོ་བོད་ནང་རྒྱ་མིས་མི་མང་པོ་བསད་ཡོད་པ་དང༌། མི་མང་པོ་བོར་བ། ཉེས་པ་མེད་ན་ཡང་བཙོན་ཁང་ལ་བཅུག་གི་ཡོད་པ་རེད། ང་ཚོ་འབྲོག་པ་ཞིག་ཡིན་ན་ཡང་གྲོང་པ་ལ་སོང་ན་རྒྱ་མིས་འཛིན་བཟུང་བྱེད་ཀྱི་རེད། ཁ་སང་དེ་རིང་རྒྱས་འཛིན་རྒྱུར་དོན་དག་གང་ཡང་དགོས་པ་མ་རེད། དར་རྩེ་མདོ་དང་ལྷ་སྒང༌། རྟའུ་དང་བྲག་འགོ གསེར་རྟ་དང་དཀར་མཛེས་སོགས་ནས་མི་མང་པོ་བསད་པ་རེད། དེ་ང་ཚོས་ཧ་གོ་ས་ནས་རེད། ལྷ་ས་དང་ཨ་མདོའི་ཕྱོགས། ད་དུང་ཁམས་སྟོད་ཕྱོགས་ནས་དེ་ལས་མང་པོ་བསད་པ་དང༌། འཇུ་བཟུང་བྱས་པ་རེད་ཟེར། དོན་དག་ཡོད་པ་མ་རེད་ཟེར། ད་རུང་གནས་ཚུལ་དེ་དེ་བཞིན་འགྲོ་བཞིན་པ་རེད། ང་ཚོའི་རྒན་པ་ཚོས་གནའ་སྔ་མོའི་ལོ་རྒྱུས་དེང་སང་བཤད་ཡོང་དུས་བོད་ལ་རྒྱ་ནག་གིས་བཙན་འཛུལ་བྱས་པ་དང༌། སྡུག་པོ་གནའ་སྔ་མོ་ནས་བཏང་ཡོད་འདུག ང་རང་ཚོ་བོད་པ་ཚང་མ་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་ཡིན་པ་མཚོན་བྱེད་དུ་མི་ཉག་ཁོག་གཅིག་དུ་ལོ་གསར་བཏང་མེད་པ་མ་ཟད། ཡུལ་ལྷ་གཞི་བདག་ཚོ་ཡང་བོད་པ་རེད་ཁོ་ཚོ་ལ་ཡང་ལོ་གསར་དགོས་ཀྱི་མ་རེད། ང་ཚོ་ཚང་མ་གཅིག་པ་རེད། སྡུག་དུས་ཁོང་ཚོས་ང་ཚོ་སྐྱོབ་མ་ཐུབ་ན་ཡང་ལོ་གསར་མེད་པ་གཅིག་པ་རེད་ཟེར་ནས། ལོ་གསར་རི་བསང་དང༌། གཞི་བདག་མཆོད་གསོལ་ཡང་བྱེད་ཀྱི་མི་འདུག ཡིན་ནའང་རྒྱ་མིས་བཙན་པོ་བྱས་ནས་ས་གནས་གནད་ཡོད་འགའ་རེར་ལོ་གསར་མ་བཏང་ན་མི་ཆོག་ཟེར། དེ་ལ་ཁ་གཡར་ནས་འཛིན་བཟུང་བྱེད་ཀྱི་འདུག རྡུང་གི་འདུག་ཟེར། ང་ཚོ་ལ་སྒོར་བརྒྱད་ཅུ་རེ་ཡོད་རབས་བཤད་ཀྱི་འདུག འགའ་རེས་ཧ་མ་གོ་ནས་བླངས་ཡོད་ས་རེད། ཡིན་ཡང་རྗེས་མ་གོ་དུས་བོད་པ་བསད་ཚར་བ་ཚོའི་ཆེད་དུ་མ་ཎི་འདོད་ཆེད་དགོན་པ་ལ་བཞག་ན་སྐྱོན་གྱི་མ་རེད་ཟེར་གྱི་འདུག ད་ལོ་ལོ་གསར་བཏང་ན་བོད་པ་ནང་ཁུལ་དུ་ཡང་ངོ་ཚར་བརྩི་ཡི་འདུག ཡང་འགའ་རེའི་ལོ་གསར་ད་རུང་མ་རེད་ཟེར། ང་ཚོས་ལོ་གསར་གྱི་དུས་ཚོད་ཟླ་ལྷག་མ་བརྩིས་པས་སོང་ཚར་བ་རེད། ཅེས་འགྲེལ་བརྗོད་གནང་སོང༌། མེ་སོར་གསར་འགོད་པས།

